ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གི་གྲོང་ཁྱེར་ཁག་ལྔ་ལ་དྲག་ཆར་དང་ཆུ་ལོག་གི་ཉེན་ཁ།


༄༅།། རྒྱ་ནག་གི་ཧུ་པེ་ཞིང་ཆེན་གྱི་གྲོང་ཁྱེར་ཁག་ལྔ་ལ་ཆུ་ལོག་གི་ཉེན་ཁ་ཡོད་པའི་སྔོན་བརྡ་བཏང་བ་དང་མི་༢༡་ལ་དྲག་ཆར་ནང་དུ་འཆི་སྐྱོན་ཕོག མི་༦༠༠༠་ལྷག་རང་ཁྱིམ་ནས་ཉེན་སྐྱོབ་བྱ་དགོས་བྱུང་བ་དང་ཧུ་པེ་ཞིང་ཆེན་ནང་དུ་ཆུ་མཛོད་༧༧༤་ཡོད་པ་དེ་དག་ནང་དུ་བཀག་ཆུ་མ་ཤོང་བར་ཆུ་རག་ལ་གས་ཆག་འགྲོ་རྒྱུའི་ཉེན་ཁ་ཆེ། དེ་བཞིན་རྒྱ་ནག་གི་ལྷོ་ནུབ་ཕྱོགས་སུ་ཆགས་པའི་སི་ཁྲོན་ཞིང་ཆེན་གྱི་མི་གྲངས་༨༠༠༠༠་ལྷག་ཆུ་ལོག་གི་ཉེན་ཁའི་འོག་ནས་སྐྱོབ་དགོས་བྱུང་ཞིང་། ཟླ་བ་སྔོན་མར་རྒྱ་ནག་གི་ཧེ་ནན་ཞིང་ཆེན་ལ་ཆུ་ལོག་བརྒྱུགས་ནས་མི་༣༠༠་ལྷག་ལ་འཆི་སྐྱོན་ཕོག ད་ལྟ་ཆུ་ལོག་ནང་དུ་མི་༢༡་ལ་འཆི་སྐྱོན་བྱུང་ཡུལ་ནི་ཧུ་པེ་ཞིང་ཆེན་གྱི་ལིའུ་ལིན་གྲོང་རྡལ་ཡིན་འདུག གྲོང་རྡལ་དེའི་མི་མང་གི་ཁང་པ་དང་ཚོང་ཁང་༢༧༠༠་ལྷག་ལ་ཆུ་ལོག་གི་གནོད་སྐྱོན་ཐེབས། གྲོང་རྡལ་དེར་འགྲིམ་འགྲུལ་དང་འབྲེལ་མཐུད་ཆད། ད་དུང་ཡང་ཆར་ཞོད་མཚམས་ཆད་ཀྱི་མི་འདུག་ཅེས་གཟའ་པ་སངས་ཉིན་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་སྤེལ་བའི་གནས་ཚུལ་རྣམས་ལུང་འདྲེན་བྱས་ནས་ཨ་རིའི་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག རྒྱ་ནག་གཞུང་གིས་སུའི་ཀྲུག་དང་ཤཱང་དབྱང་། ཤའོ་གན་གྲོང་ཁྱེར་བཅས་ལ་ཉེན་སྐྱོབ་པ་གཏོང་གི་ཡོད་ཀྱང་ཁ་སང་གཟའ་ཕུར་བུ་གཅིག་པུར་དབྱི་ཁྲེང་གྲོང་ཁྱེར་ལ་ཆར་པ་མཱི་ལི་མཱི་ཊར་༤༠༠་ལྷག་བབས་ཡོད་པས་ས་གནས་མང་ཆེ་བར་ཉེན་སྐྱོབ་པའི་རླངས་འཁོར་སོགས་ཐར་གྱི་མེད་པའི་གནས་ཚུལ་ཐོན་འདུག

གཟའ་པ་སངས་ཉིན་རྒྱ་ནག་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཧུ་པེ་ཞིང་ཆེན་ནང་དུ་ཁང་པ་༣༦༠༠་དང་ས་ཞིང་ཧེཀ་ཊར་༨༡༡༠་ཐམ་པའི་སྟོན་ཏོག་རྣམས་ཆུ་ལོག་གིས་བསྣུབས། ད་ལྟའི་བར་དུ་ཧུ་པེ་ཞིང་ཆེན་ལ་ཆུ་ལོག་གི་གནོད་འཚེ་ཕོག་སྟེ་ཨ་སྒོར་ས་ཡ་༡༧་ལྷག་གི་གྱོང་གུད་ཐེབས་སོང་ཞེས་ཞིང་ཆེན་དེའི་འབྲེལ་ཡོད་ལས་སྣེ་ཚོ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ། རྒྱ་ནག་ལ་དབྱར་གྱི་དུས་སུ་ལོ་ལྟར་ཆར་ཞོད་ཆེ་ཡང་འཛམ་གླིང་གི་སའི་གོ་ལའི་གནས་གཤིས་ལ་འགྱུར་ལྡོག་ཐེབས་ཀྱི་ཡོད་པའི་རྐྱེན་གྱིས་ཆུ་ལོག་གི་གནོད་འཚེ་འབྱུང་རྒྱུ་ཇེ་མང་དང་ཤུགས་ཇེ་ཆེ། རྒྱ་ནག་གི་ས་གནས་ཁག་ཏུ་འཛུགས་སྐྲུན་བྱེད་ཡོད་པའི་ཁང་པ་རྣམས་སྤུས་དག་མེད་པར་འཕྲལ་དུ་ཆུ་ལོག་གིས་སྣུབ་ཐུབ། རྒྱ་ནག་གི་གནམ་གཤིས་བརྟག་དཔྱད་ཁང་གིས་བདུན་ཕྲག་རྗེས་མར་ཡང་ཆར་ཞོད་དྲག་པོ་འབབ་རྒྱུ་རེད། འབྲི་ཆུའི་གཡས་གཡོན་དུ་ཆགས་པའི་ས་གནས་ཁག་ལ་ཆུ་ལོག་གི་ཉེན་ཁ་ཆེ། ཧུ་པེ་དང་ཧུ་ནན། ཧེ་ནན་དང་ཨན་ཧུའི། སི་ཁྲོན་དང་གུའི་ཀྲུག ཀྲེ་ཅང་བཅས་ཞིང་ཆེན་ཁག་བདུན་དང་ཁྲུང་ཆིང་གྲོང་ཁྱེར་སོགས་ལ་ཆུ་ལོག་བརྒྱུག་སྲིད་པས་མི་མང་གིས་ཡིད་གཟབ་བྱ་དགོས་ཞེས་སྔོན་བརྡ་བཏང་འདུག རྒྱ་ནག་གི་མི་མང་སྒེར་པ་ཚོས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་བརྙན་ཐུང་བཀྲམ་ཡོད་པ་དེ་དག་གི་ནང་དུ་ཟམ་པ་རྣམས་ཆུས་ཁྱེར་པ་དང་ཆུ་རག་རྣམས་ཁ་ཤོར་བ། ས་ཞིང་ཨེ་ཀ་སྟོང་ཕྲག་མང་པོ་ཆུས་མནན་པ། སྲང་ལམ་དང་རྒྱ་ལམ་རྣམས་ཆུས་ཁེངས། ཁང་ཆེན་རྣམས་ཆུ་ནང་དུ་ཐིམ། མི་ཚོས་རྒྱ་ལམ་དང་སྲང་ལམ་ཁག་ཏུ་འགྱིག་གྲུ་བཏང་ནས་ཕར་ཚུར་འགྲོ་སྐྱོད་བྱེད་བཞིན་པའི་འདྲ་པར་དང་བརྙན་ཐུང་མང་པོ་ཞིག་མཐོང་རྒྱུ་ཡོད་པ་རེད།།

རྒྱ་ནག་ལ་༢༠༢༡་ལོའི་ཆར་ཞོད་འགོ་ཚུགས་ནས་བཟུང་སྟེ་ཆུ་ལོག་གི་གནོད་འཚེ་ཚབས་ཆེ་ཤོས་ཕོག་ས་ནི་ཧེ་ནན་ཞིང་ཆེན་གྱི་ཀྲེང་ཀྲུག་གྲོང་ཁྱེར་ཡིན་ཞིང་། ཧེ་ནན་ཞིང་ཆེན་གྱི་གཞུང་འབྲེལ་མི་སྣ་ཚོས་ཀྲེང་ཀྲུག་གྲོང་ཁྱེར་གྱི་ཆུ་ལོག་དུས་སུ་མི་༣༠༢་ལ་འཆི་སྐྱོན་ཕོག་སོང་། ད་དུང་ཡང་མི་༥༠་ཐམ་པ་རྙེད་ཀྱི་མེད་པ་དང་གྲོང་ཁྱེར་དེའི་ས་འོག་མེ་འཁོར་ནང་དུ་མི་༡༤་ལ་འཆི་སྐྱོན་བྱུང་སོང་ཞེས་བསྒྲགས། ས་གནས་མི་མང་དང་ཕྱི་ལོགས་ཀྱི་ཉམས་ཞིབ་པ་ཚོས་ཧེ་ནན་ཞིང་ཆེན་གཞུང་གིས་ཀྲེང་ཀྲུག་གྲོང་ཁྱེར་ལ་ཆུ་ལོག་བརྒྱུགས་ནས་མི་ལ་འཆི་སྐྱོན་ཕོག་པའི་གྲངས་འབོར་ངོ་མ་དེ་སྦས་གསང་བྱེད་ཀྱི་ཡོད་པའི་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་སོང་། ད་ལོའི་ཆུ་ལོག་ནང་དུ་གྲོང་ཁྱེར་དེའི་རླངས་འཁོར་འབུམ་༤་ལྷག་འཕྲོ་བརླག་ཏུ་བཏང་སྟེ་ཐང་སྟོང་ཞིག་ཏུ་བརྩིགས། རླངས་འཁོར་གྱི་བདག་པོ་ཚོར་རླངས་འཁོར་ཉེན་སྲུང་བཟོ་ཚོང་ལས་ཁུངས་ཁག་གིས་གྱོང་གསབ་སྤྲོད་ཀྱི་ཡོད་མོད། འོན་ཀྱང་རླངས་འཁོར་འབུམ་༤་ལྷག་གི་རིན་འབབ་སྤྲོད་དགོས་ན་རླངས་འཁོར་ཉེན་སྲུང་བཟོ་ཚོང་ལས་ཁུངས་ཁག་མ་རྩ་བརྡིབས་ནས་ཚོང་ལས་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་ཡིན་མིན་ངེས་གཏན་བྲལ། རླངས་འཁོར་ཁག་ཅིག་བཟོ་བཅོས་བརྒྱབ་ནས་གཏོང་ཐུབ་ཀྱང་རླངས་འཁོར་ཕལ་ཆེ་བ་ཕན་ཐོགས་མེད་པར་རྦད་དེ་གཡུག་དགོས་བྱུང་འདུག ཕྱི་ཟླ་༧་པའི་ཚེས་༢༠་ནས་བདུན་ཕྲག་འདིའི་གཟའ་ཉི་མ་བར་དུ་ཉིན་ཀྲེང་ཀྲུག་གྲོང་ཁྱེར་དང་ཤཱིན་ཤང་། ཨན་དབྱང་དང་ཧེ་པི་གྲོང་ཁྱེར་བཞི་ལ་སྤྱི་སྤྱོད་རླངས་འཁོར་གྱི་འགྲིམ་འགྲུལ་བསྐྱར་དུ་ཚུགས་མ་ཐུབ། ཞིང་ཆེན་དེའི་གཞུང་འབྲེལ་མི་སྣ་ཚོས་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཕོག་ཡུལ་གྲོང་ཁྱེར་༤་ལོ་གཅིག་གི་ནང་ཚུད་དུ་སྔར་ལྟར་ཞིག་གསོ་བྱེད་ཐུབ་ཅེས་ཁས་ལེན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༨་པའི་ཚེས་༡༣་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཅང་སུའུ་ཞིང་ཆེན་དང་ཧེ་ནན་ཞིང་ཆེན་གཉིས་ལ་ཆུ་ལོག་རྒྱུག་གི་ཡོད་པའི་སྟབས་ཀྱིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ལས་དོན་ལའང་བར་ཆད་འབྱུང་གི་འདུག ༡༩༩༨་ལོར་རྒྱ་ནག་ལ་ཆུ་ལོག་བརྒྱུགས་ནས་མི་༢༠༠༠་ལྷག་ལ་འཆི་སྐྱོན་དང་མི་གྲངས་ས་ཡ་༣་ལྷག་གི་ཁྱིམ་གཞིས་ཆུ་ལོག་གིས་བསྣུབས། ལོ་དེར་རྒྱ་ནག་ལ་ཨ་སྒོར་དུང་ཕྱུར་༡༤༠་ཐམ་པའི་དཔལ་འབྱོར་གྱི་གྲོང་གུད་ཐེབས་པ་རེད་ཅེས་གནས་ཚུལ་སྤེལ། ཡིན་ནའང་༡༩༩༨་ལོར་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་མེད་པས་གཞུང་དམངས་གཉིས་ཀས་ཆུ་ལོག་གི་གནོད་འཚེ་ལ་གདོང་ལེན་དང་ཆུ་ལོག་གི་དཀའ་ངལ་འོག་ནས་ཐར་ཐབས་སུ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཆོག ད་ལོ་རྒྱ་ནག་ལ་སླར་ཡང་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པས་ཟླ་བ་འདི་གཅིག་པུར་རྒྱ་ནག་རྒྱལ་ཡོངས་སུ་མི་༨༧༨་ལ་གསར་དུ་ནད་དུག་འགོས། ཟླ་བ་སྔོན་མར་རྒྱ་ནག་རྒྱལ་ཡོངས་སུ་མི་༣༩༠་ཐམ་པར་ནད་དུག་འགོས་སོང་ཞེས་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་གྲངས་ཐོ་ཞིག་བཀྲམ། ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་པའི་ནད་པའི་གྲངས་འབོར་དང་དོན་དངོས་ཀྱི་ནད་པའི་གྲངས་འབོར་གཉིས་ལྡབ་མང་པོ་ཁ་མི་མཚུངས་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ཉེ་དུས་ཤིག་ནས་རྒྱ་ནག་དབུས་ཕྱོགས་སུ་ཆུ་ལོག་བརྒྱུགས་ནས་མི་གྲངས་སྟོང་ཕྲག་མང་པོ་མཉམ་དུ་བྲོས། ཏོག་དབྱིབས་ནད་དུག་གི་ནད་རྟགས་ཡོད་མེད་གཉིས་ཀ་ཆུ་ལོག་ལ་ཉེན་གཡོལ་བྱས་ནས་ཕན་ཚུན་འབྲེལ་བ་འབྱུང་གི་ཡོད་པས་རྒྱ་ནག་གི་ས་གནས་དང་མི་གྲངས་སྔར་ལས་མང་བ་ཞིག་ལ་ནད་དུག་བགོ་སྲིད་པའི་འཇིགས་སྣང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG