ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༨

ཨ་རིས་རྒྱ་ནག་ལ་ཁ་གཏད་གཅོག་པར་ཨེ་ཤི་ཡའི་ཤོག་ཚན་གསར་པ་བཙུགས།


 ཨ་རི་དང་ཉི་ཧོང་། ཨོ་གླིང་དང་ཧྥི་ལི་ཕིན་བཞིས་བདེ་འཇགས་སྲུང་སྐྱོབ་ཀྱི་ཟླ་གྲོགས་ཞེས་ཤོག་ཚན་གསར་པ་ཞིག་བཙུགས།
ཨ་རི་དང་ཉི་ཧོང་། ཨོ་གླིང་དང་ཧྥི་ལི་ཕིན་བཞིས་བདེ་འཇགས་སྲུང་སྐྱོབ་ཀྱི་ཟླ་གྲོགས་ཞེས་ཤོག་ཚན་གསར་པ་ཞིག་བཙུགས།

༄༅།། ཨ་རི་དང་ཉི་ཧོང་། ཨོ་གླིང་དང་ཧྥི་ལི་ཕིན་བཅས་ཀྱིས་བདེ་འཇགས་སྲུང་སྐྱོབ་ཟླ་གྲོགས་ཞེས་ཤོག་ཚན་གསར་པ་ཞིག་བཙུགས། ཕྱི་ཟླ་༥་པའི་ཚེས་༧་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་འཁྲུག་རྩོད་ཇེ་ཆེ་དང་ཐེ་ཝན་མཚོ་འགག་ཏུ་དམག་འཁྲུག་ལང་རྒྱུའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་ཅིང་། བདུན་ཕྲག་སྔོན་མར་ཨ་རིའི་རྒྱལ་སྲུང་དྲུང་ཨོ་སི་ཊོན་(Lloyd Austin)་གྱིས་ཉི་ཧོང་དང་ཨོ་གླིང་། ཧྥི་ལི་ཕིན་གྱི་རྒྱལ་སྲུང་བློན་ཆེན་རྣམས་གདན་འདྲེན་ཞུས་ནས་གྲོས་མོལ་བྱས་པར་རྒྱལ་སྤྱིའི་ཐོག་ཏུ་བདེ་འཇགས་སྲུང་སྐྱོབ་ཀྱི་ཟླ་གྲོགས་གསར་པའི་ཤོག་ཚན་ཞེས་གྲགས། དེའི་སྔོན་དུ་ཨ་རི་དང་རྒྱ་གར། ཉི་ཧོང་དང་ཨོ་གླིང་བཅས་ཀྱིས་བཞི་འབྲེལ་མཐུན་ཚོགས་བཙུགས་ཀྱང་རྒྱ་གར་རྒྱལ་ཁབ་བཞིའི་མཐུན་ཚོགས་དེ་མཉམ་འབྲེལ་དམག་དོན་སྒྲིག་འཛུགས་ཤིག་ཏུ་བསྒྱུར་འདོད་མེད་པའམ། ཡང་ན་རྒྱ་ནག་ལ་ཁོང་ཁྲོ་སློང་འདོད་མེད་པ་སོགས་ཀྱིས་བཞི་འབྲེལ་མཐུན་ཚོགས་དེར་ནུས་པ་མ་ཐོན་པའི་གནས་ཚུལ་སྤེལ་འདུག

བདུན་ཕྲག་སྔོན་མར་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་གྱིས་ཉི་ཧོང་དང་ཨོ་གླིང་། ཧྥི་ལི་ཕིན་གྱི་རྒྱལ་སྲུང་བློན་ཆེན་རྣམས་གདན་འདྲེན་ཞུས་ནས་གྲོས་མོལ་བྱས་
བདུན་ཕྲག་སྔོན་མར་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་གྱིས་ཉི་ཧོང་དང་ཨོ་གླིང་། ཧྥི་ལི་ཕིན་གྱི་རྒྱལ་སྲུང་བློན་ཆེན་རྣམས་གདན་འདྲེན་ཞུས་ནས་གྲོས་མོལ་བྱས་

ཨ་རིའི་ཧ་བ་དབྱི་མངའ་སྡེར་ཚུགས་ཡོད་པའི་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་ཁང་དུ་ཚོགས་པའི་རྒྱལ་སྲུང་ཚོགས་འདུའི་ཞོར་དུ་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་ནས་ཚོགས་ཞུགས་རྒྱལ་ཁབ་ཁག་གིས་ཞི་བདེའི་ཕུགས་བསམ་བཅངས། རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་གྱི་འཁྲུག་རྩོད་བཀག་སྟེ་བརྟན་ལྷིང་བསྐྲུན། ཕུགས་བསམ་དེ་མངོན་དུ་འགྱུར་བར་མཉམ་འབྲེལ་དམ་ཟབ་བྱ་རྒྱུའི་གྲོས་མཐུན་བྱུང་སོང་། ཤོག་ཚན་གསར་པ་འདི་མྱུར་དུ་ཡུན་རིང་གི་བདེ་འཇགས་སྲུང་སྐྱོབ་མཉམ་འབྲེལ་གྱི་ཟླ་གྲོགས་བརྟན་པོ་ཞིག་ཏུ་འགྱུར་རྒྱུའི་ཡིད་ཆེས་ཡོད་ཅེས་བསྒྲགས། ཉེ་ཆར་ཨ་རི་དང་ཉི་ཧོང་། ཨོ་གླིང་དང་ཧྥི་ལི་ཕིན་བཞིས་རྩོད་གཞི་ཆེན་པོ་ཡོད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མཉམ་འབྲེལ་དམག་སྦྱོང་ཐེངས་དང་པོ་བྱས་པའི་རྗེས་སུ་ཤོག་ཚན་གསར་པའི་རྒྱལ་སྲུང་བློན་ཆེན་རྣམས་ཚོགས་འདུ་ཚོགས། ད་ལོ་སྲིད་འཛིན་བྷ་ཌན་གྱིས་ཉི་ཧོང་གི་སྲིད་བློན་ཀི་ཤཱི་དྷ་དང་ཧྥི་ལི་ཕིན་གྱི་སྲིད་འཛིན་མར་ཀོ་སི་ཆུང་བ་གཉིས་ཕོ་བྲང་དཀར་པོར་མགྲོན་འབོད་བྱས་ནས་ཆེས་མཐོའི་འགོ་ཁྲིད་གསུམ་གྱི་ལྷན་འཛོམས་གྲོས་མོལ་བྱུང་།།

ཕྱི་ཟླ་༥་པའི་ཚེས་༥་ཉིན་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་ཉམས་ཞིབ་པ་ཚོས་ཤོག་ཚན་གསར་པ་དེ་བཞི་འབྲེལ་འབྲེལ་རྙིང་པ་དང་གཏན་ནས་མ་འདྲ་བ་ཞིག་རེད། ཨ་རིས་རྩ་འཛུགས་བྱས་པའི་ཤོག་ཚན་གསར་པས་རྒྱ་ནག་དམིགས་འབེན་དུ་འཛིན་གྱི་འདུག རྒྱ་གར་དང་ཞི་བདེ་རྒྱ་མཚོའི་བར་གྱི་ཨ་རིའི་འཐབ་ཇུས་ཀྱི་དགོས་པ་ནི་རྒྱ་ནག་བཀག་བསྐྱིལ་བྱེད་པའི་ཆེད་དུ་ཡིན་ཞིང་། དེ་བཞིན་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་ཕྱོགས་འཐེན་དཔུང་སྒྲིལ་བྱས་ནས་འགལ་ཟླ་ཆེ་རུ་འགྲོ་རྒྱུའི་ཉེན་ཁའང་ཤིན་ཏུ་ཆེ། ཧྥི་ལི་ཕིན་ཨ་མི་རི་ཀའི་ལག་རྡེའུ་ཞིག་ཏུ་གྱུར་ཏེ་རང་ཚུགས་ཤོར། མ་འོངས་པར་ཧྥི་ལི་ཕིན་ཨེ་ཤི་ཡའི་ཡུཀ་རེན་ལྟ་བུ་ཞིག་ཏུ་འགྱུར་ས་རེད། ཨ་རིའི་འགོ་ཁྲིད་ནས་ཨ་དབྱིན་ཨོ་གསུམ་སྟེ། ཨ་རི་དང་དབྱིན་ཇི། ཨོ་གླིང་གསུམ་གྱི་རྒྱལ་སྲུང་མཉམ་འབྲེལ་མཐུན་ཚོགས་ཤིག་ཀྱང་བཙུགས་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག

རྒྱ་ནག་གི་ཕྱི་འབྲེལ་ལས་དོན་སློབ་ཆེན་གྱི་སློབ་དཔོན་ལི་ཧེ་ཏུང་གིས་ཨ་རི་དང་ཨོ་གླིང་། རྒྱ་གར་དང་ཉི་ཧོང་གིས་བཞི་འབྲེལ་མཐུན་ཚོགས་ཟེར་བ་ཞིག་ཀྱང་བཙུགས་འདུག ད་ལྟའི་ཤོག་ཚན་གསར་པ་འདི་ཡང་རྒྱ་ནག་དགྲ་རུ་འཛིན་པའི་སྒྲིག་འཛུགས་ཤིག་ཡིན་པ་གཅིག་མཚུངས་རེད། ཉི་ཧོང་དང་ཨོ་གླིང་། ཧྥི་ལི་ཕིན་གསུམ་ཨ་རིའི་མཐུན་གྲོགས་ཡིན་པས་བཞི་འབྲེལ་ལས་ཀྱང་ནུས་པ་ཆེ་བ་ཐོན་ཤས་ཆེ། རྒྱ་གར་བཞི་འབྲེལ་གྱི་ཚོགས་འཐུས་རྒྱལ་ཁབ་ཅིག་ཡིན་རུང་ཨ་རིའི་མཐུན་གྲོགས་ཤིག་མ་རེད། ཤོག་ཚན་གསར་པ་འདིས་དམིགས་པ་གཏོད་ཡུལ་གཙོ་བོ་དེ་ལྷོ་རྒྱ་ནག་རྒྱ་མཚོ་དང་ཐེ་ཝན་མཚོ་འགག་རེད། ཧྥི་ལི་ཕིན་ཨ་མི་རི་ཀའི་གཞུག་ཏུ་ཞོར་མཆོང་བྱས་ན་ཡུཀ་རེན་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་ལྡོག་ཏུ་མེད། ཨ་མི་རི་ཀས་ཅི་ཙམ་འཁྲུག་རྩོད་བསླངས་ན་དེ་ཙམ་གྱིས་ཨ་རིར་ཁེ་ཕན་ཐོབ་ཀྱི་ཡོད་པ་རེད། ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་ཨ་མི་རི་ཀར་མེད་ན་བདེ་འཇགས་མེད་པ་ལྟ་བུའི་བག་ཆགས་ཤིག་ཐེབས་འདུག་ཅེས་བཀྲལ།།

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། བཞི་འབྲེལ་ནི་ཁུངས་མ་འཁྱོལ་བའི་སྒྲིག་འཛུགས་ཤིག་ཏུ་གྱུར། དེའི་རྒྱུ་མཚན་ནི་རྒྱ་གར་གྱིས་ཨུ་རུ་སུར་བདེ་འཇགས་སྲུང་སྐྱོབ་ཀྱི་ཟླ་གྲོགས་བསྒྲིགས་ཡོད་པའི་འབྲེལ་བ་མ་བཅད་པ་དང་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པར་སྐྱོན་བརྗོད་མ་བྱས། ཨ་རིས་འགོ་ཁྲིད་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད་ཀྱང་རྒྱ་གར་གྱིས་ཨུ་རུ་སུར་ཚོང་འབྲེལ་མ་བཅད་པ་སོགས་ཀྱིས་བཞི་འབྲེལ་གྱི་ལངས་ཕྱོགས་གཅིག་གྱུར་མ་ཐུབ། རྒྱ་གར་དང་མ་འདྲ་བར་ཧྥི་ལི་ཕིན་དང་ཨ་རི་གཉིས་ཀྱིས་རྒྱལ་སྲུང་མཉམ་འབྲེལ་གྱི་ཆིངས་ཡིག་བཞག ཨ་མི་རི་ཀས་ཧྥི་ལི་ཕིན་དང་ཉི་ཧོང་། ཨོ་གླིང་གསུམ་ལ་དམག་དོན་འབྲེལ་བ་འདྲ་མཚུངས་ཤིག་འཛུགས་རྒྱུའི་གྲོས་མཐུན་འཇོག་གྲབས་འདུག ཧྥི་ལི་ཕིན་གྱིས་རང་གི་གླིང་ཚོམ་ཞིག་གི་སྟེང་དུ་ཨ་རིའི་མཚོ་དམག་ལ་དམག་སྒར་འཛུགས་ཆོག་པའི་ཆོག་མཆན་སྤྲད། དམག་སྒར་དེ་ཚོ་ཐེ་ཝན་ལ་བར་ཐག་ཧ་ཅང་ཉེ་པོ་ཡོད་པས་ཤོག་ཚན་གསར་པ་འདི་བཞི་འབྲེལ་ལས་ལྷག་པ་ཞིག་འབྱུང་ས་རེད་ཅེས་བསྟན།།

ཧྥི་ལི་ཕིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་སུ་ཨུ་རུ་སུ་དང་འབར་མའི་དམག་གཞུང་ལ་སྐྱོན་བརྗོད་ཀྱི་འོས་ཤོག་འཕངས། ཨ་རི་དང་ཉི་ཧོང་། ཨོ་གླིང་སོགས་ལ་ཕྱོགས་གང་ཐད་དུ་འབྲེལ་བ་ཡར་རྒྱས་བཏང་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་སྙིང་སྟོབས་ཆེ་རུ་སོང་། སྲིད་འཛིན་མར་ཀོ་སི་ཆུང་བས་འགོ་ཁྲིད་པའི་སྲིད་གཞུང་གི་ཕྱི་སྲིད་ལ་འགྱུར་བ་ཆེན་པོ་ཞིག་མ་བཏང་བར་རྒྱལ་ཁབ་བཞིའི་ཤོག་ཚན་འཛུགས་ཐུབ་རྒྱུ་ཁག་པོ་རེད། སྲིད་འཛིན་ཟུར་པ་དྷུ་ཏར་ཐེའི་དུས་སུ་ཧྥི་ལི་ཕིན་གྱིས་རྒྱ་ནག་ལ་བསྟུན་མཁས་དང་དགྲར་འཛིན་བྱེད་མི་དགོས་པའི་ཐབས་སུ་འབད། ཐོག་མར་སྲིད་འཛིན་མར་ཀོ་སི་ཆུང་བས་ཀྱང་སྲིད་འཛིན་སྔོན་མ་དྷུ་ཏར་ཐེའི་སྲིད་ཇུས་རྒྱུན་འཁྱོངས་བྱ་རྒྱུའི་བརྡ་ཞིག་བཏང་མོད། འོན་ཀྱང་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་གླིང་ཕྲན་གསར་པ་འཛུགས་སྐྲུན་དང་ཧྥི་ལི་ཕིན་ལ་ཐུབ་ཚོད་བྱ་རྒྱུ་མཚམས་མ་བཞག་པའི་སྟབས་ཀྱིས་སྲིད་འཛིན་མར་ཀོ་སི་ཆུང་བས་ཨ་མི་རི་ཀར་འབྲེལ་བ་ཡར་རྒྱས་མ་བཏང་ཐབས་མེད་དུ་གྱུར་པའི་གནས་ཚུལ་ཐོན་འདུག

ཁ་སྔོན་ཕྱི་ཟླ་༤་པའི་ཚེས་༡༠་ཉིན་འཛམ་གླིང་ཚོང་ལས་དྲྭ་ལམ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉི་ཧོང་གི་ཀྲོག་ཀིའོ་སློབ་གྲྭ་ཆེན་མོའི་མཚོ་ཁོངས་སྲུང་སྐྱོབ་ཞིབ་འཇུག་སྡེ་ཚན་གྱི་ཟུང་འབྲེལ་སློབ་དཔོན་ཇཱེ་ཧྥ་རི་ཨོར་ཌ་ནེལ་གྱིས་ཨ་རི་དང་ཉི་ཧོང་། ཨོ་གླིང་དང་ཧྥི་ལི་ཕིན་བཞིའི་ཤོག་ཚན་དེ་བཙུགས་མ་ཐག་པ་ཡིན་རུང་རིམ་གྱིས་ཚོགས་པ་བརྟན་པོ་ཞིག་ཏུ་འགྱུར་ཐུབ་རྒྱུའི་ནུས་པ་འདུག ཤོག་ཚན་དེས་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་དུ་དཔལ་འབྱོར་དང་ཚོང་ལས། རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་གྱི་མ་རྩ་བཙུགས་ནས་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་སྒྲུབ་ཐུབ། ཨེ་ཤི་ཡའི་མངའ་ཁུལ་དུ་བཞི་འབྲེལ་དང་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་སོགས་ཚོགས་པ་མང་པོ་ཡོད་ཀྱང་ས་ཁམས་ཆབ་སྲིད་ལ་འགྱུར་བ་གཏོང་ཐུབ་པ་དང་མངའ་ཁུལ་དེའི་བདེ་འཇགས་སྲུང་སྐྱོབ་བྱེད་ཐུབ་པ་ཞིག་ཏུ་འགྱུར་ཐུབ་མེད་པ་རེད། ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱིས་ལྷོ་རྒྱ་ནག་རྒྱ་མཚོ་ལྟ་བུའི་གནད་དོན་ཞིག་ཐག་གཅོད་བྱ་དགོས་ན་ཚོགས་འཐུས་རྒྱལ་ཁབ་ཚང་མ་སྤྱི་མོས་འབྱུང་དགོས་པས་ལས་ཕྱོད་ཆུང་ཞེས་བཤད་འདུག

རྒྱ་ནག་གིས་ས་ཆ་ཧམ་འཛིན་བྱེད་ཀྱི་ཡོད་པར་ཁ་གཏད་གཅོག་ཐབས་སུ་ན་ནིང་ནས་ཨ་རི་དང་ཉི་ཧོང་། ཨོ་གླིང་དང་ཧྥི་ལི་ཕིན་བཞིས་ཤོག་ཚན་གསར་པ་བཙུགས་ཏེ་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུའི་རྣམ་འགྱུར་ཐོན། ཧྥི་ལི་ཕིན་གྱི་སྲིད་དོན་ཚན་རིག་ཁང་གི་གཙོ་འཛིན་ཇཱོ་སེབ་ཧར་མན་ཨེ་སི་ཀ་རབ་ཊེས་གོང་འཁོད་རྒྱལ་ཁབ་དེ་རྣམས་དཔལ་འབྱོར་སྟོབས་ཤུགས་ཆེན་པོ་རེད། གལ་སྲིད་རྒྱལ་ཁབ་དེ་དག་གིས་མཉམ་འབྲེལ་བྱས་ན་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཐུབ་ཅེས་བཤད། སྤྱི་དམངས་མ་རྩ་འཛུགས་འཇོག་ཞིབ་འཇུག་གི་ཉམས་ཞིབ་པ་རི་ཌོན་གྱིས་རྒྱ་ནག་གིས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་མ་རྩ་བཙུགས་ནས་དཔལ་འབྱོར་གྱི་གོ་སྐབས་བསྐྲུན་ཡོད་ཀྱང་ཨ་རི་དང་ཉི་ཧོང་། ཨོ་གླིང་གསུམ་མཉམ་འབྲེལ་བྱས་ན་རྒྱ་ནག་ལས་ལྷག་གི་དཔལ་འབྱོར་ཁེ་ཕན་བསྐྲུན་ཐུབ་ཟེར། གང་ལྟར་ཨ་རི་དང་ཉི་ཧོང་། ཨོ་གླིང་དང་ཧྥི་ལི་ཕིན་གྱི་ཤོག་ཚན་གསར་པ་དེར་རྒྱ་ནག་དོགས་འདྲོག་ཆེན་པོ་ལངས་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG