ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༥/༢༠

ཨུ་རུ་སུའི་གསང་ཉུལ་ཚོས་ཡུཀ་རེན་གྱི་སྲིད་འཛིན་གསོད་ཐབས་བྱས་སྐད།


༄༅།། ཡུཀ་རེན་གྱི་གསང་བའི་ལས་ཁུངས་ནས་ཨུ་རུ་སུའི་གསང་ཉུལ་ཚོས་སྲིད་འཛིན་ཛེ་ལན་སི་ཀི་དང་མཐོ་རིམ་དམག་དཔོན་ཚོ་གསོད་རྒྱུའི་ལྐོག་ཇུས་བཤམས་པ་འགོག་ཐུབ་ཡོད་ཅེས་གསལ་བསྒྲགས་སྤེལ། ཕྱི་ཟླ་༥་པའི་ཚེས་༧་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་ནང་སོ་ལས་ཁུངས་ཀྱིས་༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཡུཀ་རེན་ལ་བཙན་འཛུལ་མ་བྱུང་བའི་སྔོན་ནས་སྲིད་འཛིན་ཛེ་ལན་སི་ཀི་སོགས་མཐོ་རིམ་འགོ་ཁྲིད་ཁག་གི་སྐུ་སྲུང་དམག་མིའི་མདའ་དཔོན་གཉིས་ཨུ་རུ་སུའི་ཕྱི་སོ་ལས་ཁུངས་ཀྱིས་བཀུག ཁོ་ཚོས་ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱི་བཀོད་འདོམས་ལྟར་སྲིད་འཛིན་ཛེ་ལན་སི་ཀི་དང་ཡུཀ་རེན་གྱི་མཐོ་རིམ་འགོ་ཁྲིད་ཚོ་ལྐོག་གསོད་བྱ་རྒྱུའི་ངན་ཇུས་བཤམས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཡིན། བཙན་འཛུལ་དམག་འཁྲུག་རྗེས་སུ་ཨུ་རུ་སུའི་གསང་ཉུལ་ཚོས་ཡུཀ་རེན་གྱི་སྲིད་འཛིན་གསོད་ཐབས་ཐེངས་༡༠་ཙམ་བྱས་པ་རེད། འདི་ནི་གནས་ཚུལ་གསར་པ་གང་ཡང་མ་རེད་ཅེས་བཤད།།

ཡུཀ་རེན་གྱི་ནང་སོ་ལས་ཁུངས་ཀྱི་འགོ་ཁྲིད་ཝ་སིལ་མ་ལུཀ་གིས་གཟའ་མིག་དམར་ཉིན་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱི་ལས་དུས་ལྔ་པ་འགོ་བཙུགས་པ་རེད། ཁོ་ཚོས་དེའི་སྔོན་དུ་ཡུཀ་རེན་གྱི་སྲིད་འཛིན་གསོད་ཐབས་ཀྱི་ངན་ཇུས་བཤམས་པར་ངས་ཐད་ཀར་རྟོག་ཞིབ་དང་འགོག་རྒོལ་གྱི་ལས་འགན་ཁུར་བ་ཡིན་ཞེས་བཤད་ཡོད་ཅིང་། ཟླ་བ་སྔོན་མར་པོ་ལན་ཌིའི་གཞུང་གིས་རང་གི་སྤྱི་དམངས་སྐྱེས་པ་ཞིག་ཨུ་རུ་སུའི་དམག་དོན་གསང་བའི་ལས་ཁུངས་ཀྱི་གསང་ཉུལ་ལ་གྱུར་ཏེ་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་ལྐོག་གསོད་བྱ་རྒྱུའི་ངན་ཇུས་བཤམས་པ་རེད་ཅེས་འཛིན་བཟུང་བྱས་འདུག ཛེ་ལན་སི་ཀིའི་བདེ་འཇགས་དོན་དུ་སྲིད་འཛིན་གྱི་མཛད་རིམ་ཁག་གསང་རྒྱ་དམ་པོ་བྱས་ནས་རྒྱལ་ཡོངས་ཀྱི་ས་གནས་གང་དུ་གཟིགས་ཞིབ་ལ་ཕེབས་ཀྱང་གཟིགས་ཞིབ་གྲུབ་པའི་རྗེས་སུ་མ་གཏོགས་ཕྱིར་བསྒྲགས་མི་འབྱུང་།།

ཡུཀ་རེན་གྱི་ནང་སོ་ལས་ཁུངས་ཀྱི་འགོ་ཁྲིད་ཝ་སིལ་མ་ལུཀ་
ཡུཀ་རེན་གྱི་ནང་སོ་ལས་ཁུངས་ཀྱི་འགོ་ཁྲིད་ཝ་སིལ་མ་ལུཀ་

ཡུཀ་རེན་གྱི་ནང་སོ་ལས་ཁུངས་ཀྱིས་ཨུ་རུ་སུའི་གསང་ཉུལ་ཚོས་སྲིད་འཛིན་ཛེ་ལན་སི་ཀི་དང་མཐོ་རིམ་དམག་དཔོན་ཚོ་གང་དུ་ཡོད་མེད། ཁོ་ཚོའི་བདེ་འཇགས་སྲུང་སྐྱོབ་ཅི་ཙམ་དམ་པོ་ཡོད་མེད་རྣམས་རྩད་གཅོད་བྱེད་དུ་བཅུག སྐུ་སྲུང་བ་དེ་དག་ལ་སྲིད་འཛིན་ཛེ་ལན་སི་ཀི་འཛིན་བཟུང་བྱེད་དུ་བཅུག་སྟེ་གསོད་དགོས་པའི་ལས་འགན་སྤྲད། ལྐོག་ཇུས་དེར་ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱི་མི་༣་འབྲེལ་བ་འདུག་ཅེས་དེ་དག་གི་མིང་བཏོན། གལ་སྲིད་སྐུ་སྲུང་བ་ཚོས་སྲིད་འཛིན་ཛེ་ལན་སི་ཀི་གསོད་མ་ཐུབ་ན་ས་གནས་གང་དུ་ཡོད་མེད་ཀྱི་གནས་ཚུལ་མཁོ་སྤྲོད་བྱོས། ཨུ་རུ་སུས་ཁ་ལོ་བ་མེད་པའི་འཕུར་གྲུ་དང་འཕུར་མདེལ་འཕངས་ནས་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་སོགས་གསོད་ཆོག་ཅེས་བཀའ་ཕབ། ཡུཀ་རེན་གྱི་ནང་སོ་ལས་ཁུངས་ཀྱིས་འཛིན་བཟུང་བྱས་པའི་སྐུ་སྲུང་མདའ་དཔོན་གཉིས་ལ་ནག་ཉེས་ཡོད་པ་ཐེར་འདོན་བྱུང་ན་རྒྱབ་གཏོད་ཀྱི་ནག་ཉེས་ཐོག་ཏུ་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་རྒྱུའི་ཉེ་ཁ་ཆེ།།

ཕྱི་ཟླ་༥་པའི་ཚེས་༨་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་ཡུཀ་རེན་གྱི་སྲིདའཛིན་ལྐོག་གསོད་བྱ་ཐབས་བྱས་པ་རེད་ཟེར་བའི་དཀྲོག་གཏམ་ཞིག་ལ་ང་ཚོར་འགྲེལ་བཤད་རྒྱག་རྒྱུ་ཅི་ཡང་མེད། ཧ་ལམ་གནས་ཚུལ་དེ་བདེན་པ་ཡིན་མི་སྲིད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། ཡུཀ་རེན་གྱི་གཞུང་ནས་ཕུ་ཊིན་གྱི་ལས་དུས་ལྔ་པ་འགོ་མ་ཚུགས་གོང་དེར་ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱིས་ཡུཀ་རེན་གྱི་སྐུ་སྲུང་དམག་མིའི་མདའ་དཔོན་གཉིས་ལ་སྲིད་འཛིན་ཛེ་ལན་སི་ཀི་གསོད་དགོས། ཕུ་ཊིན་གྱི་ལས་དུས་ལྔ་པའི་མཛད་སྒོའི་སྐབས་སུ་ལག་རྟགས་ཤིག་འབུལ་དགོས་པའི་མངགས་བཀོད་བྱས་པ་རེད་ཅེས་ནག་ཉེས་བཙུགས། སྲིད་འཛིན་ཛེ་ལན་སི་ཀིས་འགོ་ཁྲིད་འོག་ཡུཀ་རེན་གྱི་སྐྱེས་ཕོ་མོ་གཉིས་ཀས་ཨུ་རུ་སུའི་བཙན་འཛུལ་ལ་འགོག་རྒོལ་དམག་འཁྲུག་བརྒྱབ། སྲིད་འཛིན་ཛེ་ལན་སི་ཀིས་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འབོད་སྐུལ་ཞུས་ནས་རོགས་སྐྱོར་ཐོབ།།

ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་
ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་

ཕྱི་ཟླ་༥་པའི་ཚེས་༧་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཕུ་ཊིན་གྱི་ལས་དུས་ལྔ་པ་འགོ་མ་ཚུགས་གོང་དུ་ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་སྲིད་འཛིན་ལྐོག་གསོད་བྱ་རྒྱུའི་ངན་ཇུས་བཤམས་པ་ནི་ཨུ་ཐུག་ཐབས་ཟད་དང་སྤྱོད་ཚུལ་ལས་འདས་པ་ཞིག་རེད་ཅེས་ཁ་རྡུང་བཏང་ཞིང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མེ་ཐུ་མི་ལར་གྱིས་དམག་འཁྲུག་ལངས་ནས་བཟུང་སྟེ་ཕུ་ཊིན་གྱི་སྲིད་གཞུང་གིས་སྤྱོད་ཚུལ་ལ་མི་མཐུན་པའི་ཐབས་ཇུས་ཁག་ལག་བསྟར་བྱས་པ་རེད། ཨ་མི་རི་ཀས་གནད་དོན་འདི་ཞིབ་ཕྲ་ཞིག་ཤེས་རྟོགས་ཐུབ་པར་ཡུཀ་རེན་གྱི་འབྲེལ་ཡོད་ཚན་པ་ཁག་ལ་འབྲེལ་བ་བྱེད་ཀྱི་ཡོད་ཅེས་བཀྲལ། ཡུཀ་རེན་གྱི་སྐུ་སྲུང་དམའ་དཔོན་གཉིས་ཀྱིས་སྲིད་འཛིན་ཛེ་ལན་སི་ཀིའི་ཉིན་རེའི་མཛད་རིམ་སོགས་གསང་བའི་གནས་ཚུལ་རྣམས་ཨུ་རུ་སུའི་ཕྱི་སོ་ལས་ཁུངས་ལ་སྤྲད་ཡོད་པའི་གནས་ཚུལ་ཐོན་འདུག

ཁ་སང་གཟའ་མིག་དམར་ཉིན་ཕུ་ཊིན་གྱི་ལས་དུས་ལྔ་པ་འགོ་འཛུགས་ཀྱི་མཛད་སྒོ་ཚོགས། ལོ་ན་༧༡་ལ་སོན་པའི་ཕུ་ཊིན་གྱི་ལོ་༦་གི་ལས་དུས་ལྔ་པ་དེ་མཐའ་འཁྱོངས་ཚེ། ཁོ་པ་ཨུ་རུ་སུ་དམར་ཤོག་འགོ་ཁྲིད་ས་ཏ་ལིན་ལས་ཀྱང་སྲིད་དབང་བཟུང་བའི་དུས་ཡུན་རིང་བ་ཆགས་རྒྱུ་ཡིན་པར་མ་ཟད། ཨུ་རུ་སུའི་ལོ་རྒྱུས་སུ་རླབས་ཆེན་གྱི་བཙན་མོ་ཁེ་ཐེ་རེན་ཞེས་བྱུང་བ་དེའི་རྗེས་སུ་འགོ་ཁྲིད་སྲིད་དབང་བཟུང་བ་རིང་ཤོས་དེར་འགྱུར་རྒྱུ་ཡིན་འདུག ཕུ་ཊིན་གྱིས་ང་ཚོས་ཡུཀ་རེན་ལ་དམག་འཁྲུག་བརྒྱབ་ནས་རྒྱལ་ཁ་ཐོབ་ངེས་ཡིན། ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འདྲ་མཉམ་གྱི་གནས་བབ་ཐོག་ཏུ་གྲོས་མོལ་བྱ་འཆར་ཡོད། ཨུ་རུ་སུའི་མི་དམངས་ཀྱིས་རང་གི་ཕ་མེས་ཀྱི་མངོན་འདོད་དང་ལོ་སྟོང་ཕྲག་གི་ལོ་རྒྱུས་ཀྱི་ལས་འགན་བསྒྲུབ་དགོས་ཞེས་གཏམ་བཤད་བྱས་འདུག ཕུ་ཊིན་གྱི་ཁྲི་སྟོན་མཛད་སྒོ་མཇུག་བསྡུའི་སྐབས་སུ་སྔོན་ཆད་གོང་མའི་དུས་སུ་ཨུ་རུ་སུ་མངོན་པར་བསྟོད། གོང་མ་སྐུ་ཚེ་བརྟན་ཞེས་ཁ་གཡང་སྒྲོགས་སྲོལ་ཡོད་པ་དེའི་སྒྲ་དབྱངས་དཀྲོལ།།

ཨུ་རུ་སུའི་ཕྱི་སོ་ལས་ཁུངས་ཀྱི་འགོ་ཁྲིད་སར་གྷེ་ན་རི་ཤི་ཀིན་
ཨུ་རུ་སུའི་ཕྱི་སོ་ལས་ཁུངས་ཀྱི་འགོ་ཁྲིད་སར་གྷེ་ན་རི་ཤི་ཀིན་

དེང་སྐབས་ཕུ་ཊིན་ནི་ཨུ་རུ་སུའི་བཙན་དབང་རིང་ལུགས་པ་དང་གོང་མ་ལྟར་མང་ཚོགས་སྐྲག་དགོས་ས་ཞིག་ཏུ་གྱུར། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཕུ་ཊིན་སྲིད་དབང་སྒེར་གཅོད་པ་དང་དམག་འཁྲུག་གི་ཉེས་ཅན། མི་གསོད་ལག་དམར་ཞིག་ཏུ་ངོས་འཛིན་བྱས་ནས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཕུ་ཊིན་ཕྱིའི་རྒྱལ་ཁབ་ཁག་ཏུ་བསླེབས་ན་འཛིན་བཟུང་བྱ་དགོས་ཞེས་ཁྲིམས་ཐག་བཅད། ཨུ་རུ་སུའི་ཕྱི་སོ་ལས་ཁུངས་ཀྱི་འགོ་ཁྲིད་སར་གྷེ་ན་རི་ཤི་ཀིན་ནས་སྲིད་འཛིན་ཕུ་ཊིན་གྱི་གཏམ་བཤད་ནང་དུ་ཕྱོགས་གཅིག་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འདྲ་མཉམ་ཐོག་ཏུ་མཉམ་འབྲེལ་བྱ་དགོས་ཞེས་འབོད་སྐུལ་ཞུས་པ་རེད། ཕྱོགས་གཞན་ཞིག་ནས་ཨུ་རུ་སུའི་འཕེལ་རྒྱས་དང་བདེ་འཇགས་སྲུང་སྐྱོབ་རང་ངོས་ནས་འགན་ལེན་ཐུབ་པའི་གདེང་ཚོད་རྙེད་པ་སྟོན་གྱི་ཡོད་པ་རེད། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་གྲོས་མོལ་མ་བྱས་ན་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཀྱི་རེད་ཅེས་འཛུམ་ཞིག་བསྟན་ནས་གསར་འགོད་པར་གླེང་མོལ་བྱས་འདུག

སྲིད་འཛིན་ཕུ་ཊིན་གྱིས་ཨུ་རུ་སུར་དམག་འཁྲུག་གི་རྒྱལ་ཁ་ཐོབ་ངེས་ཡིན་ཟེར་གྱི་ཡོད་ཀྱང་སྒྱོགས་མདེལ་དང་འཕུར་མདེལ་སོགས་མེད་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་སྟེ། ཕྱི་ཟླ་༥་པའི་ཚེས་༧་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུས་བྱང་ཀོ་རི་ཡ་ནས་ནང་འདྲེན་བྱས་པའི་འཕུར་མདེལ་ཕྱེད་ཀ་ཙམ་འབེན་ཐོག་ཏུ་མ་ཁེལ་སྔོན་ལ་བར་སྣང་དུ་བཀད། ཡུཀ་རེན་གྱིས་ཕྱི་ཟླ་༡༢་པ་ནས་༢་པའི་བར་དུ་ཨུ་རུ་སུས་འཕངས་པའི་བྱང་ཀོ་རི་ཡའི་འབེན་ཕོག་འཕུར་མདེལ་གྱི་ཆག་རོ་རྣམས་བསྡུས་ནས་གསར་འགོད་པར་བསྟན། ལོ་གཉིས་ལྷག་གི་དམག་འཁྲུག་རྗེས་སུ་ཨུ་རུ་སུའི་འཐབ་འཁོར་༡༥༠༠༠་ལྷག་རྩ་གཏོར་སོང། ཟླ་བ་རེར་ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོ་༦༠༠་ཙམ་ལ་གཏོར་སྐྱོན་ཕོག ད་ལྟ་ཨུ་རུ་སུའི་དམག་གི་རུ་ཤོག་ཁག་ཅིག་གིས་ལྕགས་རྟ་བཞོན་ནས་དམག་སར་བསྐྱོད་དགོས་པས་ཡུཀ་རེན་གྱིས་རྒོལ་རྡུང་བྱ་རྒྱུ་སྟབས་བདེ་རུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG