ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༥/༢༧

ཨུ་རུ་སུའི་དམག་ལ་ཞུཊ་པའི་བལ་པོའི་བཟའ་མི་ཚོས་ངོ་རྒོལ་ལས་འགུལ་སྤེལ།


༄༅།། ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་བལ་པོ་རྣམས་ཀྱི་བཟའ་མི་ཚོས་རྒྱལ་ས་ཀ་ཐ་མན་རྡུ་གྲོང་ཁྱེར་དུ་ཟས་བཅད་ངོ་རྒོལ་བྱས་ནས་བལ་ཡུལ་གཞུང་ལ་རང་གི་སྤྱི་དམངས་དེ་རྣམས་ཨུ་རུ་སུའི་དམག་ཁོངས་ནས་ཕྱིར་ལེན་བྱ་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༥་པའི་ཚེས་༣་ཉིན་ཧི་མ་ལ་ཡ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་བལ་པོ་དེ་དག་གི་བཟའ་མི་ཚོས་ཟས་བཅད་ངོ་རྒོལ་བྱས་ནས་ཉིན་༡༥་ལྷག་འགྲོ་བཞིན་ཡོད་ཀྱང་བལ་ཡུལ་གཞུང་གིས་ཟས་བཅད་ངོ་རྒོལ་ལ་ཞུགས་པའི་མི་མང་དེ་དག་གི་དགོས་འདུན་བསྒྲུབ་ཐུབ་རྒྱུ་དཀའ་བར་སྣང་། བལ་ཡུལ་གྱི་སྤྱི་ཚོགས་ལས་འགུལ་བ་དང་སྲིད་དོན་པ་བྷན་དྷ་རིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེར་སྣེ་ཁྲིད་བྱེད་ཀྱི་ཡོད་ཅིང་། ཁོ་མོས་བལ་ཡུལ་གཞུང་གིས་རང་གི་སྤྱི་དམངས་དེ་རྣམས་ཨུ་རུ་སུའི་དམག་ཁོངས་ནས་ཕྱིར་ལེན་བྱ་དགོས་ཞེས་འབོད་སྐུལ་ལན་མང་ཞུས་ཀྱང་གྲུབ་འབྲས་མ་ཐོན། དེར་བརྟེན་བྷན་དྷ་རིས་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་བལ་པོ་དེ་དག་གི་བཟའ་མི་ཚོར་སྣེ་ཁྲིད་བྱས་ནས་ཟས་བཅད་ངོ་རྒོལ་བྱ་རྒྱུ་མགོ་བརྩམས།།

ཁ་སྔོན་ཕྱི་ཟླ་༤་པའི་ཟླ་དཀྱིལ་ནས་འགོ་ཚུགས་པའི་ཟས་བཅད་ངོ་རྒོལ་དེར་རུ་ཀུམ་ས་གནས་ཀྱི་ཡུལ་མི་མཱ་གྷར་(Sirani Gharti Magar)་ཞེས་པ་ཞིག་མཉམ་ཞུགས་བྱས་ཤིང་། ཉེ་ཆར་མཱ་གྷར་གྱི་གཅུང་མོའི་ཁྱོ་ག་ཡུཀ་རེན་གྱི་དམག་སར་བསད། མ་གྷར་གྱི་ཁྱོ་ག་ཡང་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཏེ་བཟའ་མི་ཚོར་འབྲེལ་བ་ཆད་ནས་ཟླ་བ་༥་ལྷག་སོང་། ཁོ་མོས་གསར་འགོད་པར་ང་ཚོར་ཟས་བཅད་ངོ་རྒོལ་བྱ་རྒྱུ་མ་གཏོགས་ཐབས་ལམ་གཞན་པ་མི་འདུག་ཅེས་སྡུག་སྐད་བརྒྱབ། ཁོ་ཚོས་བལ་ཡུལ་གཞུང་ལ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་བལ་པོ་རྣམས་ཕྱིར་ལེན་བྱ་དགོས། ཡུཀ་རེན་གྱི་དམག་སར་བསད་པ་ཚོར་དངུལ་སྒོར་གྱོང་གསབ་ལེན་དགོས། རྨས་མ་ཚོར་སྨན་བཅོས་ཐོབ་ཏུ་འཇུག་དགོས་པ་དང་མི་ལ་མགོ་སྐོར་བཏང་ནས་ཨུ་རུ་སུའི་དམག་ཁོངས་སུ་ཁྲིད་མཁན་ཚོ་ཁྲིམས་ལ་སྦྱོར་དགོས། བལ་ཡུལ་གཞུང་གིས་ཨུ་རུ་སུའི་གཞུང་ལ་གྲོས་མོལ་བྱས་ནས་བལ་པོ་དེ་རྣམས་རང་ཡུལ་དུ་ལེན་ཐབས་བྱ་དགོས་ཞེས་དགོས་འདུན་བཏོན།།

སྲིད་བློན་གཞོན་པ་དང་ཕྱི་སྲིད་བློན་ཆེན་གཅིག་ལྕོག་ན་ར་ཡན་ཀ་ཇཱི་ཤ་རེ་ས་ཐ་
སྲིད་བློན་གཞོན་པ་དང་ཕྱི་སྲིད་བློན་ཆེན་གཅིག་ལྕོག་ན་ར་ཡན་ཀ་ཇཱི་ཤ་རེ་ས་ཐ་

བལ་ཡུལ་གྱི་སྤྱི་ཚོགས་ལས་འགུལ་བ་དང་སྲིད་དོན་པ་བྷན་དྷ་རིས་ང་ཚོར་བལ་པོའི་ཉེན་རྟོག་པས་སུན་གཙེར་དང་རྡུང་རྡེག་གཏོང་གི་འདུག བལ་ཡུལ་གཞུང་གིས་ང་ཚོར་རྡུང་རྡེག་བཏང་བ་དང་སུན་གཙེར་བྱས་པ་ཁོ་ན་མ་རེད། བལ་ཡུལ་གཞུང་གིས་རང་གི་མི་དམངས་ལ་བདག་པོ་རྒྱག་གི་མེད་པ་དང་ཚེ་སྲོག་ལ་རིན་ཐང་རྩི་ཡི་མི་འདུག་ཅེས་སྲིད་བློན་གཞོན་པ་དང་ཕྱི་སྲིད་བློན་ཆེན་གཅིག་ལྕོག་ན་ར་ཡན་ཀ་ཇཱི་ཤ་རེ་ས་ཐ་ལ་ཐད་ཀར་སྐྱོན་བཙུགས། ཤ་རེ་ས་ཐས་རྒྱལ་ཡོངས་གྲོས་ཚོགས་འཐུས་མི་ཚོར་ཨུ་རུ་སུའི་གཞུང་གིས་རྩ་བའི་ཆ་ནས་བལ་པོ་དམག་ཁོངས་སུ་བཅུག་ཡོད་པ་རྣམས་ཀྱི་གན་རྒྱ་བརྩི་མེད་གཏོང་རྒྱུའི་མོས་མཐུན་བྱས་སོང་། མོ་སི་ཀོར་བཅའ་སྡོད་བལ་ཡུལ་གྱི་གཞུང་ཚབ་ཁང་གིས་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་བལ་པོ་རྣམས་རང་ཡུལ་དུ་ཕྱིར་ལེན་བྱ་རྒྱུའི་ཐབས་ལམ་ཞིག་འཚོལ་གྱི་ཡོད་ཅེས་སྙན་སེང་ཞུས།།

བལ་ཡུལ་གཞུང་གིས་ཨུ་རུ་སུའི་དམག་ཁོངས་སུ་བལ་པོ་༦༠༠་ལྷག་ཞུགས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་ཉམས་ཞིབ་པ་དང་གསར་འགོད་པ། ཨུ་རུ་སུའི་འབྲེལ་ཡོད་དམག་དཔོན་ཁག་ཅིག་གིས་བལ་པོ་༨༠༠༠་ནས་༡༥༠༠༠་ཡས་མས་ཤིག་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་འདུག་ཟེར། སྤྱི་ཚོགས་ལས་འགུལ་བ་དང་སྲིད་དོན་པ་བྷན་དྷ་རིས་བལ་པོ་༢་རང་ཡུལ་དུ་ཕྱིར་ལོག་བྱས་ན་བལ་པོ་༣་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཀྱི་འདུག ད་ལྟའི་བར་དུ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་བལ་པོ་༡༡༡་རང་ཡུལ་དུ་ཕྱིར་ལོག་ཐུབ་པ་རེད། ང་ཚོས་བལ་པོ་༦༢༠་ཐམ་པ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཡོད་པའི་མིང་ཐོ་བསྡུ་རུབ་ཐུབ་སོང་། བལ་པོ་༢༦༢་འཆི་གསོན་ཅི་ཡིན་དང་དམག་ས་གང་དུ་བཏང་ཡོད་མེད་རྩད་གཅོད་གཏན་ནས་ཐུབ་ཀྱི་མི་འདུག་ཅེས་བཀྲལ།།

Russia Ukraine War Year Two Photo Gallery
Russia Ukraine War Year Two Photo Gallery

ཕྱི་ཟླ་༥་པའི་ཚེས་༡་ཉིན་ཡུཀ་རེན་གྱི་དམག་དོན་གསང་བའི་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་ཊི་རོ་ཡ་ཙན་ཀོས་ཨུ་རུ་སུས་རྒྱ་གར་དང་བལ་ཡུལ། ཀུ་པ་དང་སོ་མ་ལི་ཡ་སོགས་ནས་གླས་དམག་བསྡུས་ཏེ་ཡུཀ་རེན་ལ་དམག་འཁྲུག་རྒྱག་ཏུ་འཇུག་གི་ཡོད་པའི་སྐད་ཆ་ཞིག་གོ་རྒྱུ་འདུག གླས་དམག་ཚོར་དགོས་ངེས་ཀྱི་དམག་སྦྱོང་མ་སྤྲད་པར་དམག་སར་བཏང་སྟེ་སྒྱོགས་མདེལ་ལྟར་བཀོལ་སྤྱོད་བྱེད་ཀྱི་ཡོད་ས་རེད། བལ་པོའི་གླས་དམག་རྣམས་ཨུ་རུ་སུའི་རུ་ཤོག་༢༩༣༢༨་ཀྱི་ཁོངས་སུ་བཅུག་སྟེ་བསད་རྨས་ཚབས་ཆེན་ཕོག་པ་དང་གླ་ཕོགས་མ་རག ཨུ་རུ་སུའི་དམག་མི་ཚོས་བལ་པོ་ཚོར་ཐུབ་ཚོད་དང་མཐོང་ཆུང་བྱེད་ཀྱི་ཡོད་པར་མ་ཟད། བལ་པོ་ཁག་ཅིག་གིས་སྐད་བརྡ་མ་འཕྲོད་པར་དམག་དཔོན་ཚོའི་བཀའ་ལ་མ་མཉན་པར་སྲོག་ཁྲིམས་གཅོད་ཀྱི་ཡོད་པས་བལ་པོ་རྣམས་དམག་ས་ཁག་ནས་བྲོས་བྱོལ་དུ་འགྲོ་བཞིན་འདུག ཨུ་རུ་སུའི་གཞུང་གིས་བལ་ཡུལ་དུ་ས་འགུལ་བརྒྱུགས་ནས་བལ་དམག་རྣམས་རང་ཡུལ་དུ་ཕྱིར་ལོག་བྱ་དགོས་བྱུང་བའི་འགྲེལ་བཤད་ཐ་དད་ཅིག་རྒྱག་གི་འདུག་ཅེས་གསར་འགོད་པ་ཚོར་གླེང་མོལ་བྱས་འདུག

ཡུཀ་རེན་གྱི་དམག་ས་ཁག་ནས་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོར་བར་དུ་བདེ་བླག་ཏུ་ཐར་རྒྱུ་ནི་དཀའ་ངལ་ཤིན་ཏུ་ཆེ་ཞིང་། བལ་པོ་ཁག་ཅིག་གིས་བལ་སྒོར་འབུམ་༦་ཡས་མས་རེ་བུ་ལོན་བླངས་ཏེ་དམག་ས་ནས་ཐར་ཐབས་བཙལ། ཁོ་ཚོ་མོ་སི་ཀོར་བཅར་སྡོད་བལ་ཡུལ་གྱི་གཞུང་ཚབ་ཁང་དུ་འབྱོར་བའི་རྗེས་སུ་ལམ་ཡིག་གསར་པ་བླངས་ཏེ་བལ་ཡུལ་ལ་ཐར་ཐབས་བྱེད་ཀྱི་ཡོད་ཀྱང་བལ་པོའི་བྲོས་དམག་ཁག་ཅིག་ས་མཚམས་སུ་བཟུང་སྟེ་སླར་ཡང་ཡུཀ་རེན་གྱི་དམག་སར་གཏོང་གི་ཡོད་པའི་གནས་ཚུལ་ཐོན། བལ་པོའི་ན་གཞོན་མང་པོ་ཞིག་མགོ་སྐོར་འོག་ཏུ་ཚུད་ནས་ཨུ་རུ་སུའི་དམག་ཁོངས་སུ་བཅུག ཁོ་ཚོར་དཀྱིལ་ཤར་ས་ཁུལ་གྱི་ཁ་ཆེའི་རྒྱལ་ཁབ་ཁག་ཏུ་ལས་ཀ་ཡོད། ཡུ་རོབ་ཏུ་ལས་ཀ་ཡོད་ཅེས་མོ་སི་ཀོར་ཁྲིད། མོ་སི་ཀོར་བསླེབས་པའི་རྗེས་སུ་དཀྱིལ་ཤར་ས་ཁུལ་དང་ཡུ་རོབ་ཏུ་གནས་སྐབས་རིང་ལས་ཀ་མི་འདུག ཨུ་རུ་སུར་ལས་ཀ་འདུག་ཅེས་ཨུ་རུ་སུའི་སྐད་དུ་བྲིས་པའི་དམག་མིའི་གན་རྒྱ་ཁག་ལ་མིང་རྟགས་འགོད་དུ་འཇུག་གི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༤་པའི་ཚེས་༣༠་ཉིན་ཕྱི་སྲིད་དང་བདེ་འཇགས་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་གཞུང་གིས་བལ་ཡུལ་གཞུང་ལ་གྲོས་མོལ་བྱས་པ་དང་གྲོས་མཐུན་སོགས་མ་བཞག་བྱས་པར་བལ་པའི་ཕོ་གསར་ཚོ་དམག་ཁོངས་སུ་བསྡུ་བཞིན་འདུག ༢༠༢༤་ལོའི་ཕྱི་ཟླ་༤་པ་བར་དུ་བལ་པོ་༢༡་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པ་དང་བལ་པོ་༥་ཡུཀ་རེན་གྱི་འཛིན་བཟུང་འོག་ཏུ་ཚུད། ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་བལ་པོ་རྣམས་ཀྱི་བཟའ་མི་༢༠༠༠་ལྷག་གིས་དྲྭ་ལམ་དུ་ཚོགས་པ་བཙུགས་ཏེ་ཕན་ཚུན་རོགས་སྐྱོར་དང་གཉེན་ཚན་རྣམས་རྩད་གཅོད། བལ་ཡུལ་གཞུང་ལ་གནོན་ཤུགས་སྤྲོད་པའི་ལས་འགུལ་སྤེལ། ཨུ་རུ་སུའི་གཞུང་གིས་བལ་པོའི་གླས་དམག་ཚོར་བལ་སྒོར་འབུམ་༣་རེ་ཟླ་ཕོགས་སྤྲད། ཁོ་ཚོས་ལོ་གཅིག་ལ་དམག་ཁོངས་སུ་སྲི་ཞུ་བསྒྲུབས་ན་བལ་པོའི་གླས་དམག་དེ་དང་དེའི་བཟའ་ཟླ་བུ་ཕྲུག་རྣམས་ཨུ་རུ་སུའི་སྤྱི་དམངས་སུ་འགྱུར་ཆོག་པའི་ཐོབ་ཐང་སྤྲོད་ཀྱི་ཡོད་པས་བལ་པོ་ཚོ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས།།

ཏོག་དབྱིབས་ནད་ཡམས་རྗེས་སུ་བལ་ཡུལ་དུ་ཕྱི་རྒྱལ་གྱི་མ་རྩ་འཛུགས་རྒྱུ་ཉུང་དུ་ཕྱིན་པ་དང་ལས་ཀའི་གོ་སྐབས་དཀོན། དཔལ་འབྱོར་དང་འཚོ་བའི་དཀའ་ངལ་སེལ་བར་བལ་པོ་རྣམས་སོ་ཌི་ཨ་རེ་བྷི་དང་ཁ་ཊར། ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་དང་ཨོ་མན། བྷ་རེན་དང་དབྱིན་ཡུལ། ཨ་རི་དང་ཨོ་གླིང་། རྒྱ་གར་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ངལ་རྩོལ་རྒྱུག་ཏུ་བསྐྱོད། ཉིན་ལྟར་བལ་ཡུལ་ནས་ན་གཞོན་༢༠༠༠་ཡས་མས་རེ་ཕྱི་རྒྱལ་ལ་ངལ་རྩོལ་རྒྱུག་ཏུ་སྐྱོད་པའམ། ཡང་ན་སློབ་སྦྱོང་དུ་སྐྱོད་ཀྱི་ཡོད་པ་སྟེ། ༢༠༢༢་ནས་༢༠༢༣་བར་དུ་བལ་པོ་༧༠༩༡༥་གཏན་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་གནས་སྤོས་བྱས་པ་རེད་ཅེས་གཞུང་གི་གཞི་གྲངས་སུ་འཁོད། བལ་པོ་རྣམས་དབྱིན་ཇི་དང་རྒྱ་གར་གྱི་དམག་ཁོངས་སུ་ཞུགས་ཆོག་ཀྱང་རྒྱལ་ཁབ་གཞན་གྱི་དམག་ཁོངས་སུ་ཞུགས་ཆོག་པའི་གྲོས་མཐུན་བཞག་མེད་མོད། འོན་ཀྱང་ཡུཀ་རེན་གྱི་དམག་འཁྲུག་རྗེས་སུ་ཨུ་རུ་སུའི་གཞུང་གིས་ཕྱི་ནས་གླས་དམག་གླ་དགོས་པར་གྱུར། དེས་ན་བལ་པོ་ཚོ་རྒྱ་གར་དང་དབྱིན་ཇི་ཁོ་ན་མིན་པར་རྒྱལ་ཁབ་གསུམ་པ་ཞིག་གི་དམག་ཁོངས་སུ་ཞུགས་རྒྱུའི་སྒོ་མོ་གསར་པ་ཞིག་ཕྱེ་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG