ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༥/༢༨

བལ་ཡུལ་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཇེ་མང་དུ་སོང་།


རྒྱ་གར་ནས་བལ་ཡུལ་དུ་ཕྱིར་ལོག་བྱེད་མཁན་བལ་པོ་ཚོའི་གྲས་སུ་ཏོག་དབྱིབས་ནད་དུག
རྒྱ་གར་ནས་བལ་ཡུལ་དུ་ཕྱིར་ལོག་བྱེད་མཁན་བལ་པོ་ཚོའི་གྲས་སུ་ཏོག་དབྱིབས་ནད་དུག

༄༅།། དེང་སྐབས་རྒྱ་གར་ནས་བལ་ཡུལ་དུ་ཕྱིར་ལོག་བྱེད་མཁན་བལ་པོ་ཚོའི་གྲས་སུ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པ་མང་དུ་འགྲོ་བཞིན་ཡོད་ཅིང་། ཕྱི་ཟླ་༤་པའི་ཚེས་༨་ཉིན་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༣་པའི་ཚེས་༡༤་ནས་བལ་ཡུལ་གྱི་གྷོ་རི་ཧྥན་ཏ་དང་གྷ་དྷ་ཅོག་ཀི་ས་མཚམས་ཀྱི་འགག་སྒོ་གཉིས་ནས་རྐང་ཐང་དུ་ཡོང་མཁན་མི་༥༨་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ཤེས་རྟོགས་བྱུང་། ཕྱི་ཟླ་༤་པའི་ཚེས་༧་ཉིན་གྷོ་རི་ཧྥན་ཏ་འགག་སྒོ་ནས་མི་༤༧་དང་གྷ་དྷ་ཅོག་ཀི་འགག་སྒོ་ནས་མི་༢༦་འབྱོར་བ་རྣམས་ལ་བརྟག་དཔྱད་བྱས་ཀྱང་མི་གཅིག་ལའང་ནད་རྟགས་མ་ཐོན། ཕྱི་ཟླ་༤་པའི་ཚེས་༡༣་ཉིན་བལ་པོའི་ལོ་གསར་ཡིན་པས་རྒྱ་གར་ནས་རང་ཡུལ་དུ་ཕྱིར་ལོག་བྱེད་མཁན་ཚོའི་གྲས་སུ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ཇི་སྙེད་ཅིག་འབྱུང་གི་ཡོད་པའི་གནས་ཚུལ་ཐོན་འདུག

གྷོ་རི་ཧྥན་ཏ་འགག་སྒོའི་འཕྲོད་བསྟེན་ཚན་པའི་འགན་འཛིན་གྷ་ནེ་ཤ་སའུ་ཌིས་གསར་འགོད་པར་བཤད་པ་ལྟར་ན། ས་མཚམས་ནས་བལ་ཡུལ་དུ་འཛུལ་ཞུགས་བྱེད་མཁན་ཚོའི་གྲས་སུ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་མི་གྲངས་ཇེ་མང་དུ་འགྲོ་བཞིན་འདུག གཟའ་སྤེན་པའི་ཉིན་མི་༡༠༥་ལ་བརྟག་དཔྱད་བྱས་པས་མི་༤་ལ་ནད་རྟགས་ཐོན་སོང་། བདུན་ཕྲག་སྔོན་མའི་གཟའ་ལྷག་པ་དང་ཕུར་བུ་གཉིས་ལ་མི་༢་རེར་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན་འདུག གཟའ་པ་སངས་ཉིན་བརྟག་དཔྱད་བྱ་སྤྱད་ཡོ་བྱད་མེད་པར་ས་མཚམས་བརྒལ་ནས་ཡོང་མཁན་ཚོར་བརྟག་དཔྱད་བྱས་ཐུབ་མེད་མོད། འོན་ཀྱང་ཉིན་ལྟར་མི་༥༠༠་ཡས་མས་རེ་གྷོ་རི་ཧྥན་ཏ་ས་མཚམས་ཀྱི་འགག་སྒོ་བརྒྱུད་ནས་ཡོང་གི་འདུག ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པ་མང་ཆེ་བ་ནི་རྒྱ་གར་གྱི་མ་ཧ་ར་ཤ་ཊྲ་མངའ་སྡེ་ནས་ཡོང་མཁན་ཚོ་རེད། ཁོ་ཚོ་མང་ཆེ་བ་རྒྱ་གར་དུ་གླ་གཡོག་རྒྱུག་ཏུ་ཕྱིན་པའི་བལ་པོ་ངལ་རྩོལ་བ་རྣམས་རེད་ཅེས་བསྟན།།

བལ་ཡུལ་གྱི་ཀེ་ལ་ལི་རྫོང་གི་འཕྲོད་བསྟེན་ལྷན་ཁང་ནས་གྷོ་རི་ཧྥ་ཏ་ས་མཚམས་སུ་བརྟག་དཔྱད་ཡོ་དཔྱད་༡༠༠༠་བཏང་ཡང་ཕྱི་དྲོ་བར་དུ་མ་འབྱོར། གྷོ་རི་ཧྥན་ཏ་འགག་སྒོའི་འཕྲོད་བསྟེན་ཚན་པའི་འགན་འཛིན་གྷ་ནེ་ཤ་སའུ་ཌིས་ ཕྱི་ཟླ་༣་པའི་ཚེས་༡༤་ཉིན་མི་༨་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ཤེས་རྟོགས་བྱུང་བ་ནི་ཟླ་བ་གཅིག་གི་ནང་དུ་ཐོན་པའི་ནད་པ་མང་ཤོས་རེད། ང་ཚོས་དོགས་པ་ཡོད་པའི་མི་ཚང་མར་བརྟག་དཔྱད་བྱ་དགོས་ངེས་ཀྱང་ཡོ་བྱད་འདང་ངེས་མེད་པར་མི་ཐམས་ཅད་ལ་བརྟག་དཔྱད་བྱེད་ཐུབ་ཀྱི་མི་འདུག་ཅེས་བཀྲལ། གྷོ་དྷ་ཅོག་ཀི་འགག་སྒོའི་འཕྲོད་བསྟེན་ལས་སྣེ་པ་རཱེམ་སིང་བྷན་དྷ་རིས་ང་ཚོས་རྐང་ཐང་དུ་ཡོང་མཁན་ཚོར་བརྟག་དཔྱད་བྱེད་ཀྱི་ཡོད། རླངས་འཁོར་ནང་དུ་ཡོང་མཁན་ཚོར་བརྟག་དཔྱད་བྱེད་ཐུབ་ཀྱི་མི་འདུག ས་མཚམས་ཀྱི་འགག་སྒོའི་ཉེན་རྟོག་པ་ཚོས་སྤྱི་སྤྱོད་རླངས་འཁོར་རྣམས་འགོག་གི་མེད་པས་བལ་ཡུལ་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་ལས་སྣེ་ཚོས་རང་རང་གི་ས་གནས་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཇེ་མང་དུ་འགྲོ་བཞིན་འདུག་ཟེར་གྱི་འདུག་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག

བལ་ཡུལ་གྱི་སྨན་ཁང་ཁག་གིས་ཕྱི་རྒྱལ་དུ་སྐྱོད་མཁན་རྣམས་དང་ནད་པ་ཚབས་ཆེན་ཚོར་མ་གཏོགས་བརྟག་དཔྱད་བྱེད་ཀྱི་མེད་པ་སྟེ། བལ་ཡུལ་གྱི་འཕྲོད་བསྟེན་ལས་སྣེ་ཚོས་རྒྱ་གར་ནས་རང་ཡུལ་དུ་ལོག་ཡོང་མཁན་ཚོར་ས་མཚམས་སུ་བརྟག་དཔྱད་ཡག་པོ་ཞིག་བྱ་མ་ཐུབ་ཚེ། ནད་པ་གཅིག་གིས་ཁྱིམ་ཚང་གི་བཟའ་རྣམས་དང་གྲོང་ཚོ་ཧྲིལ་པོའི་མི་ལ་ཏོག་དབྱིབས་ནད་དུག་བགོ་ཉེན་ཆེ། རླངས་འཁོར་ནང་དུ་བལ་ཡུལ་དུ་བསླེབས་པའི་མི་ཁག་ཅིག་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་དོགས་པ་ཆེན་པོ་ཡོད། ད་ལྟའི་ཆར་ང་ཚོས་ཉིན་ལྟར་མི་༡༥་ནས་༢༠་ཡས་མས་རེར་མ་གཏོགས་བརྟག་དཔྱད་བྱེད་ཐུབ་ཀྱི་མི་འདུག ཏོག་དབྱིབས་ནད་དུག་གི་ཞོར་དུ་འདར་ཚད་ཕོག་ཡོད་པ་ཚོ་ལའང་བརྟག་དཔྱད་བྱེད་ཐུབ་ཀྱི་མི་འདུག་ཟེར། བདུན་ཕྲག་རེ་ཟུང་གི་སྔོན་དེར་བལ་ཡུལ་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་ས་ཡ་༡་དང་འབུམ་༦་རོགས་སྐྱོར་ཞུས།།

ཉེ་དུས་ཤིག་ནས་བལ་ཡུལ་གྱི་སྨན་ཁང་ཆེ་ཁག་ཐམས་ཅད་ཀྱི་ནང་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཇེ་མང་དུ་སོང་། སྨན་པ་ཚོས་ནད་དུག་འགོས་པའི་ནད་པ་མང་ཆེ་བ་ནི་རྒན་རྒོན་དང་སྔོན་ནས་ན་ཚ་རྙིང་པ་ཡོད་མཁན་རྣམས་རེད། ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཚབས་ཆེན་ཁག་ཅིག་ཉེན་སྐྱོབ་ཁང་དུ་ཁྱེར་ནས་སྨན་བཅོས་བྱེད་ཀྱི་ཡོད་ཅེས་བསྒྲགས། ཕྱི་ཟླ་༤་པའི་ཚེས་༢་ཉིན་ཧི་མ་ལ་ཡ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བལ་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་གི་མགྲིན་ཚབ་པ་སྨན་པ་པྲ་ཀ་ཤ་བྷུ་དྷ་ཐོ་ཀིས་བདུན་ཕྲག་སྔོན་མར་རྒྱ་གར་དང་ས་འབྲེལ་ཡིན་པའི་བལ་ཡུལ་གྱི་སུ་དྷུར་པ་ས་ཆིམ་ཞིང་ཆེན་ནང་དུ་མི་༢༨་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་རྩད་གཅོད་ཐུབ་སོང་། ནད་དུག་འགོས་པའི་མི་ཚང་མ་རྒྱ་གར་དུ་ཕྱིན་པ་ཤ་སྟག་རེད་ཅེས་གནས་ཚུལ་སྤེལ།།

སྨན་ཞབས་པ་ཞིག་གིས་ནད་ཡམས་ཏོག་དབྱིབས་སྔོན་འགོག་སྨན་ཁབ་རྒྱག་པའི་གྲ་སྒྲིག་བྱེད་བཞིན་ཡོད།
སྨན་ཞབས་པ་ཞིག་གིས་ནད་ཡམས་ཏོག་དབྱིབས་སྔོན་འགོག་སྨན་ཁབ་རྒྱག་པའི་གྲ་སྒྲིག་བྱེད་བཞིན་ཡོད།

ད་ལྟ་བལ་ཡུལ་དུ་ཁྱབ་གདལ་འགྲོ་བཞིན་པའི་ཏོག་དབྱིབས་ནད་ནི་ལོ་འདིའི་ཕྱི་ཟླ་དང་པོའི་ནང་རྒྱ་གར་དུ་ཁྱབ་པའི་ངོ་བོ་འགྱུར་བའི་ཏོག་དབྱིབས་དུག་NJ1་ཞེས་པ་དེ་ཡིན་ཞིང་། སྨན་པ་བྷུ་དྷ་ཐོ་ཀིས་ཟླ་ཤས་གོང་དེར་རྒྱ་གར་དུ་ཁྱབ་པའི་ནད་དུག་དེ་ཟླ་བ་སྔོན་མ་ནས་བལ་ཡུལ་དུ་ཁྱབ་ཀྱི་འདུག མི་དམངས་ཀྱིས་ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་ངེས་པར་དུ་རྒྱག་དགོས། རྒན་རྒོན་འགོག་ཁབ་མ་བརྒྱབ་མེད་པ་དང་ནད་གཞི་རྙིང་པ་ཡོད་མཁན་ཚོར་དམིགས་བསལ་གྱི་ཉེན་ཁ་ཆེ་ཞེས་ནན་གྱིས་བསྐུལ། དེ་བཞིན་བལ་ཡུལ་གྱི་ནད་རིགས་སྔོན་འགོག་སྨན་ཁང་གི་འགན་འཛིན་སྨན་པ་ཡུ་ཝ་ཎི་ཌི་བྷ་སོ་ལས་ཀྱང་གནམ་གཤིས་འགྱུར་ལྡོག་ཐེབས་ཏེ་ཆམ་རིམས་དང་ཚ་བ་འཕར་བའི་ནད་པ་རྣམས་སྨན་པར་བསྟེན་ཐུག་བྱེད་དུ་ཡོང་རྒྱུ་ཇེ་མང་རེད། ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པའང་མང་དུ་འགྲོ་བཞིན་འདུག་ཅེས་བཤད་དོ།།

གླེང་སྟེགས།

XS
SM
MD
LG