ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༣༠

དཀྱིལ་ཤར་ས་ཁུལ་དུ་འཁྲུག་རྩོད་ལངས་ཏེ་བལ་པོའི་དཔལ་འབྱོར་ཉམས་སྲིད།


དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཁ་ཊར་དུ་བལ་པོ་༡༣༣༢༦༢་གནས་སྤོའི་ལས་མི།
དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཁ་ཊར་དུ་བལ་པོ་༡༣༣༢༦༢་གནས་སྤོའི་ལས་མི།

༄༅།། བལ་པོ་ཚོ་ཕྱིའི་རྒྱལ་ཁབ་ཁག་ལ་ངལ་རྩོལ་རྒྱུག་ཏུ་ཕྱིན་ནས་རང་ཡུལ་དུ་དངུལ་སྒོར་བསྐུར་བ་རྣམས་ནི་བལ་ཡུལ་གྱི་ཕྱི་དངུལ་ཡོང་འབབ་ཆེ་ཤོས་དེ་ཡིན་ཞིང་། གཟའ་མཇུག་དེར་ཨི་སི་རལ་དང་ཨི་རན་གྱི་འཁྲུག་རྩོད་ཆེ་རུ་ཕྱིན་ནས་བལ་ཡུལ་གྱི་དཔལ་འབྱོར་དང་ཚོང་ལས། ཡུལ་སྐོར་སྤྲོ་འཆམ་བཅས་ལ་བརྡབ་གསིག་ཆེན་པོ་ཞིག་འཕོག་རྒྱུའི་རྣམ་པ་ཞིག་ཐོན། ཕྱི་ཟླ་༤་པའི་ཚེས་༡༥་ཉིན་བལ་ཡུལ་གྱི་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གཟའ་སྤེན་པའི་མཚན་མོར་ཨི་རན་གྱིས་འཕུར་མདེལ་དང་ཁ་ལོ་བ་མེད་པའི་འཕུར་གྲུ་༣༠༠་ལྷག་གིས་ཨི་སི་རལ་ལ་རྒོལ་རྡུང་བྱས་ནས་དཀྱིལ་ཤར་ས་ཁུལ་གྱི་ཛ་དྲག་ཆེ་རུ་སོང་། ཨི་རན་གྱི་འགོ་ཁྲིད་ཚོས་ཨ་མི་རི་ཀ་དང་ཨི་སི་རལ་གཉིས་ཀྱིས་རྒོལ་ལན་བསློགས་ན་ཨི་རན་གྱིས་ཨི་སི་རལ་ལ་སྔར་ལས་ལྷག་པའི་གཏོར་རྒོལ་ཚབས་ཆེན་ཞིག་བྱ་རྒྱུ་ཡིན་ཞེས་འཇིགས་སྣང་བསྐུལ། དེར་བརྟེན་བལ་པོ་ངལ་རྩོལ་བ་ཚོས་ཕྱི་རྒྱལ་ནས་རང་ཡུལ་དུ་དངུལ་སྒོར་བསྐུར་མི་ཐུབ་པ་ཞིག་ཏུ་འགྱུར་རྒྱུའི་ཉེན་ཀ་འབྱུང་སྲིད།།

རྒྱ་གར་གྱི་མཁའ་ལམ་ལས་ཁུངས་ཆེ་ཁག་འགའ་ཞིག་གིས་གནས་སྐབས་རིང་ཨི་རན་ལ་འགྲུལ་སྐྱེལ་གནམ་གྲུ་འཕུར་རྒྱུ་མཚམས་བཞག ཨི་རན་དང་ཨི་སི་རལ་གྱི་མཁའ་དབྱིངས་བརྒྱུད་ནས་རྒྱ་གར་གྱི་འགྲུལ་སྐྱེལ་གནམ་གྲུ་རྣམས་འཕུར་སྐྱོད་བྱ་རྒྱུ་གཡོལ་ཐབས་བྱ་དགོས་ཞེས་བསྒྲགས། བལ་ཡུལ་གྱི་གྲོང་གསེབ་ཁག་གི་ཁྱིམ་ཚང་དེ་རྣམས་ཉུང་མཐར་ཡང་བཟའ་མི་རེ་ཕྱི་རྒྱལ་ལ་ངལ་རྩོལ་རྒྱུག་ཏུ་ཕྱིན་པའི་ཡོང་འབབ་ལ་བརྟེན་ནས་རང་ཁ་གསོ་དགོས་པར་གྱུར། བལ་ཡུལ་གྱི་དབུས་དངུལ་ཁང་གི་གཞི་གྲངས་སུ་འཁོད་པ་ལྟར་ན། སྔ་ལོ་གཅིག་པུར་བལ་པོ་༧༧༤༩༧༦་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ངལ་རྩོལ་རྒྱུག་ཏུ་བསྐྱོད། བལ་པོ་དེ་ཚོས་ཁྱོན་བསྡོམས་ཨ་སྒོར་དུང་ཕྱུར་༩༣་དང་བྱེ་༣་རང་ཡུལ་དུ་བསྐུར་ཏེ་བལ་ཡུལ་གྱི་ཕུགས་གསོག་ཕྱི་དངུལ་སྔོན་ཆད་བྱུང་མྱོང་མེད་པ་ཞིག་མང་དུ་སོང་ཡོད་པའི་གནས་ཚུལ་ཐོན་འདུག

དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཁ་ཊར་དུ་བལ་པོ་༡༣༣༢༦༢་དང་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ཏུ་བལ་པོ་༡༡༦༡༦༠་ཐམ་པ། སོ་ཌི་ཨ་རེ་བྷི་ཡར་བལ་པོ་༡༡༢༧༧༧་དང་ཀུ་ཝེ་ཐེར་བལ་པོ་༤༣༥༠༨། བྷ་རེན་དུ་བལ་པོ་༧༦༠༩༠་དང་ཇཱོར་ཌན་དུ་༡༠༡༩། ཨི་སི་རལ་དུ་བལ་པོ་ངལ་རྩོལ་བ་༡༠༨༤་ཡོད་ཅིང་། བལ་ཡུལ་གྱི་ཕྱིར་སྐྱོད་ངལ་རྩོལ་ཉམས་ཞིབ་པ་གྷ་ནེ་ཤ་གུ་རུང་གིས་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་དེ་དག་གི་ནང་དུ་བལ་པོ་ཕྱིར་སྐྱོད་ངལ་རྩོལ་བའི་ཕྱེད་ཀ་ཙམ་འདུག གལ་སྲིད་ཨི་སི་རལ་གྱིས་ཨི་རན་ལ་རྒོལ་ལན་བསློགས་ནས་དམག་འཁྲུག་ཆེ་རུ་སོང་ན་བལ་ཡུལ་གྱི་དཔལ་འབྱོར་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པས་སྔོན་ནས་གྲ་སྒྲིག་བྱ་དགོས། དཀྱིལ་ཤར་ས་ཁུལ་དུ་འཁྲུག་རྩོད་ལངས་པའི་རྗེས་སུ་བལ་ཡུལ་ལྟ་བུའི་རྒྱལ་ཁབ་ཁག་ལ་གནོད་སྐྱོན་འཕོག་རྒྱུ་འགོག་ཐབས་བྲལ། བལ་ཡུལ་གྱི་དཔལ་འབྱོར་ནི་ངལ་རྩོལ་བ་ཚོས་ཕྱི་རྒྱལ་ནས་བསྐུར་ཡོང་བའི་དངུལ་སྒོར་བརྟེན་ཡོད་པ་རེད། ད་དུང་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཁག་གིས་རྡོ་སྣུམ་འདོན་མ་ཐུབ་པར་སྣུམ་གོང་འཕར་རྒྱུའི་ཉེན་ཁའང་འདུག་ཅེས་བསྟན།།

བལ་པོ་ཚོ་ཕྱིའི་རྒྱལ་ཁབ་ཁག་ལ་ངལ་རྩོལ་རྒྱུག་ཏུ་ཕྱིན་ནས་རང་ཡུལ་དུ་དངུལ་སྒོར་བསྐུར་བ་
བལ་པོ་ཚོ་ཕྱིའི་རྒྱལ་ཁབ་ཁག་ལ་ངལ་རྩོལ་རྒྱུག་ཏུ་ཕྱིན་ནས་རང་ཡུལ་དུ་དངུལ་སྒོར་བསྐུར་བ་

ཉེ་ཆར་ཨེ་ཤི་ཡའི་འཛུགས་སྐྲུན་དངུལ་ཁང་གིས་སྙན་ཐོ་བཏོན་པ་དེའི་ནང་དུ་འཁོད་པ་ལྟར་ན། ས་ཁམས་ཆབ་སྲིད་ཀྱི་ཟིང་ཆ་ཅི་ཞིག་ལངས་ཀྱང་དངོས་ཟོག་མཁོ་འདོན་ལ་བར་ཆད་བྱུང་སྟེ་འཛམ་གླིང་ཡོངས་སུ་ཡུལ་ཐང་འཕར། མི་དམངས་ཀྱི་འཚོ་བར་དཀའ་ངལ་ཕྲད་ནས་བལ་ཡུལ་ལྟ་བུའི་རྒྱལ་ཁབ་ཁག་གིས་དངུལ་སྒོར་བསྲི་ཚགས་བྱ་རྒྱུ་གཙིགས་སུ་བཟུང་། རྒྱལ་ནང་དུ་མ་རྩ་བཙུགས་ནས་ལས་ཀ་བཀོད་སྒྲིག་བྱེད་ཐུབ་རྒྱུ་མིན་པས་མི་མང་ལས་ཤོར་བའི་གྲངས་འབོར་འཕར་ཏེ་རྨང་གཞི་བརྟན་པོ་མེད་པའི་རྒྱལ་ཁབ་དེ་དག་གི་དཔལ་འབྱོར་ཉམས། དཔེར་ན་བལ་ཡུལ་ནས་ཉིན་ལྟར་བལ་པོ་༡༢༠༠་ནས་༡༥༠༠་ཡས་མས་ཤིག་ཏ་ཟིག་མཚོ་ཁུག་གི་རྒྱལ་ཁབ་ལ་ངལ་རྩོལ་རྒྱུག་ཏུ་སྐྱོད་ཀྱི་འདུག དཀྱིལ་ཤར་ས་ཁུལ་དུ་དམག་འཁྲུག་ལངས་ན་བལ་པོ་དེ་རྣམས་ལས་ཀ་འཚོལ་དུ་འགྲོ་ས་མེད། བལ་ཡུལ་དུ་མི་མང་ལས་ཤོར་བ་ཚོས་ཟིང་ཆ་བསླངས་ནས་སྤྱི་ཚོགས་ལ་ཞི་བརྟན་ལྷིང་མེད་པར་འགྱུར་ས་རེད་ཅེས་བཀོད།།

བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུ།
བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུ།

ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་གཟའ་ཉི་མའི་ཉིན་ཨི་སི་རལ་གྱི་ཊེ་ལི་ཝིའུ་གྲོང་ཁྱེར་དུ་བཅའ་སྡོད་བལ་པོའི་གཞུང་ཚབ་ཁང་གིས་རྒྱལ་ཁབ་དེར་ངལ་རྩོལ་རྒྱུག་ཏུ་ལྷགས་པའི་བལ་པོ་ཚོས་ཨི་སི་རལ་གྱི་ཛ་དྲག་གདོང་ལེན་དང་སྤྱི་ཚོགས་སྲུང་སྐྱོབ་ཁང་གི་བཀོད་འདོམས་ལ་ཉན་དགོས། ཨེ་ཤི་ཡའི་ནུབ་ཕྱོགས་སུ་ཛ་དྲག་ཆེ་རུ་འགྲོ་བཞིན་པར་བལ་ཡུལ་གཞུང་གིས་རྟོག་ཞིབ་གཟབ་ནན་བྱེད་ཀྱི་ཡོད་ཅེས་གསལ་བསྒྲགས་སྤེལ། བདུན་ཕྲག་སྔོན་མར་ཨི་སི་རལ་གྱི་དམག་གནམ་གིས་སི་རི་ཡའི་རྒྱལ་ས་ཌ་མ་སི་ཀར་བཅའ་སྡོད་ཨི་རན་གྱི་གཞུང་ཚབ་ཁང་ལ་གཏོར་རྒོལ་བྱས་ནས་དམག་དཔོན་༤་བསད། དེ་ནས་ན་ནིང་ཕྱི་ཟླ་༡༠་པའི་ཚེས་༧་ནས་ཨི་སི་རལ་དང་པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གི་དམག་འཁྲུག་ལངས་ཡོད་པ་དཀྱིལ་ཤར་ས་ཁུལ་ལ་རྒྱ་ཁྱབ་ཏུ་འགྲོ་རྒྱུའི་ཉེན་ཁ་ཕྲད། ཨི་སི་རལ་དང་ཨི་རན་གྱི་འཁྲུག་རྩོད་བརྟེན་ནས་འཛམ་གླིང་ཡོངས་སུ་རྡོ་སྣུམ་གྱི་རིན་གོང་འཕར། ཨི་རན་འཛམ་གླིང་གི་རྡོ་སྣུམ་ཕྱིར་ཚོང་རྒྱལ་ཁབ་ཁག་གི་གྲས་ཀྱི་ཨང་གསུམ་པ་དེ་ཡིན་པའི་གནས་ཚུལ་ཐོན་འདུག

ཨི་སི་རལ་དང་ཨི་རན་གཉིས་ཀྱིས་དམག་འཁྲུག་ཆེན་པོ་ཞིག་བརྒྱབ་ན་བལ་པོ་ངལ་རྩོལ་བ་ཚོའི་བདེ་འཇགས་ལ་ཉེན་ཁ་འཕྲད་རྒྱུ་ལྡོག་ཏུ་མེད། ན་ནིང་ཕྱི་ཟླ་༡༠་པའི་ཚེས་༡༨་ཉིན་ཨི་སི་རལ་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཧ་མ་སི་ཤོག་ཁག་གིས་རྒོལ་རྡུང་བྱས་ནས་ཞིང་ལས་སློབ་སྦྱོང་བྱེད་དུ་བསླེབས་པའི་བལ་པོ་༡༠་ལ་སྲོག་སྐྱོན་ཕོག ལོ་ན་༢༥་ལ་སོན་པའི་བལ་པོ་ཨ་ཤི་ཤ་ཅོ་དྷ་རི་ཞེས་པ་ཞིག་ལ་ཟླ་བ་༡༡་རིང་སློབ་སྦྱོང་གི་གོ་སྐབས་ཐོབ། ཁོ་པ་ཨི་སི་རལ་ལ་ཞིང་ལས་སློབ་སྦྱོང་དུ་བསྐྱོད་ནས་ཡོང་འབབ་གསོག་ཐུབ་ཅེས་དགའ། ཡིན་ནའང་ཧ་མ་སི་ཤོག་ཁག་གིས་རྒོལ་རྡུང་བྱས་ནས་བལ་པོ་ཅོ་དྷ་རི་བསད། ཅོ་དྷ་རིའི་ཨ་ཕ་ཌན་གྷོ་རས་མིག་ཆུ་གཏོང་བཞིན་ཧྥ རན་སི་གསར་འགྱུར་ལས་ཁང་གི་གསར་འགོད་པར་ངས་བུ་ལ་མདུན་ལམ་བཟང་པོ་ཞིག་འཐོབ་རྒྱུའི་ཆེད་དུ་ཨི་སི་རལ་ལ་བཏང་བ་ཡིན་ཞེས་སྡུག་སྨྲེ་བཏོན།།

ཨི་སི་རལ་དང་ཨི་རན་གྱི་འཁྲུག་རྩོད་ཆེ་རུ་ཕྱིན་
ཨི་སི་རལ་དང་ཨི་རན་གྱི་འཁྲུག་རྩོད་ཆེ་རུ་ཕྱིན་

ཉམས་ཞིབ་པ་ཚོས་ཨི་སི་རལ་གི་ས་གནས་ཁག་ཏུ་ངལ་རྩོལ་རྒྱུག་བཞིན་པོའི་བལ་པོ་རྣམས་མཐའ་མཚམས་ཀྱི་ཞིང་ལས་ས་ཁུལ་ཁག་ཏུ་བཀྲམ། ཨི་སི་རལ་གྱི་མི་འབོར་མང་བའི་གྲོང་ཁྱེར་ཁག་དང་བསྡུར་ན་མཐའ་མཚམས་ཀྱི་གྲོང་གསེབ་ཁག་ཏུ་འཕུར་མདེལ་འགོག་སྲུང་གི་མཐུན་རྐྱེན་ཞན། གཟའ་སྤེན་པའི་མཚན་མོར་ཨི་རན་གྱིས་ཁ་ལོ་བ་མེད་པའི་འཕུར་གྲུ་དང་འཕུར་མདེལ་འཕངས་པ་བརྒྱ་ཆ་༩༩་ལྷག་བར་སྣང་དུ་གཏོར་ཐུབ་ཡོད་མོད། འོན་ཀྱང་ཨི་རན་གྱིས་བསྐྱར་དུ་འཕུར་མདེལ་དང་ཁ་ལོ་བ་མེད་པའི་འཕུར་གྲུ་མང་དུ་བཏང་སྟེ་ཨི་སི་རལ་ལ་གཏོར་རྒོལ་བྱས་ཚེ། ཨི་སི་རལ་གྱིས་འཕུར་མདེལ་དང་ཁ་ལོ་བ་མེད་པའི་འཕུར་གྲུ་ཚང་མ་བར་སྣང་དུ་གཏོར་ནས་འགོག་ཐུབ་རྒྱུ་ཡིན་མིན་བཤད་དཀའ། ཨི་སི་རལ་གྱི་མཐའ་མཚམས་ཁག་ཏུ་ས་ཞིང་འདེབས་ལས་ཀྱི་ངལ་རྩོལ་རྒྱུག་མཁན་བལ་པོ་སོགས་ལ་བདེ་འཇགས་མེད་པར་འགྱུར་རྒྱུ་རེད་ཅེས་བཀྲལ།།

ཨི་སི་རལ་གྱིས་ཨི་རན་ལ་རྒོལ་ལན་སློག་རྒྱུ་ཡིན་མིན་དང་དཀྱིལ་ཤར་ས་ཁུལ་གྱི་འཁྲུག་རྩོད་འདི་གང་འདྲ་ཞིག་ཏུ་འགྱུར་རྒྱུ་ཡིན་མིན་སུས་ཀྱང་ཚོད་དཔག་མི་ཐུབ། ཕྱི་ཟླ་༤་པའི་ཚེས་༡༤་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨི་སི་རལ་ལ་རྒོལ་རྡུང་བྱུང་བའི་རྗེས་སུ་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་ནས་ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུར་ཁ་པར་བཏང་སྟེ་ཕྱོགས་གཉིས་ཀྱི་བདེ་འཇགས་སྲུང་སྐྱོབ་འབྲེལ་བ་བརྟན་པོ་ཡིན། ཨི་སི་རལ་གྱིས་ཨི་རན་ལ་རྒོལ་ལན་བསློགས་ནས་ཕར་རྒོལ་བྱས་ན་ཨ་མི་རི་ཀ་དམག་འཁྲུག་དེར་ཞུགས་རྒྱུ་མིན་ཞེས་གསལ་པོར་བཤད། ཨ་རབ་རྒྱལ་ཁབ་ཁག་དང་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་ཨི་སི་རལ་དང་ཨི་རན་གྱི་འཁྲུག་རྩོད་དེ་དཀྱིལ་ཤར་ས་ཁུལ་གྱི་དམག་འཁྲུག་ཅིག་ལ་འགྱུར་དུ་འཇུག་མི་ཉན་ཞེས་འབོད་སྐུལ་ཞུས། ཨ་མི་རི་ཀའི་དམག་དཔུང་གི་རྒྱབ་སྐྱོར་མེད་པར་ཨི་སི་རལ་གྱིས་ཨི་རན་ལ་དམག་འཁྲུག་རྒྱག་ཐུབ་རྒྱུ་ཁག་པོ་ཡིན་པས་འཁྲུག་རྩོད་དེ་ཆེ་རུ་འགྲོ་མི་ཐུབ་པའི་རྣམ་པ་ཞིག་མངོན། དེས་ན་བལ་ཡུལ་གྱི་དཔལ་འབྱོར་ལའང་གནོད་སྐྱོན་ཆེན་པོ་ཞིག་མི་འཕོག་རྒྱུའི་རེ་ལྟོས་འཆང་བཞིན་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG