ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༥/༢༠

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་པི་ཝི་ནཱ་རཱ་སིམ་ཧ་རྗེས་དྲན་གཟེངས་རྟགས་འབུལ་ལམ་གནང་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༧གོང་ས་མཆོག་ལ་ནཱ་རཱ་སིམ་ཧ་རྗེས་དྲན་གཟེངས་རྟགས་འབུལ་བཞེས།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྲིད་བློན་དམ་པ་ནཱ་རཱ་སིམ་ཧ་མཆོག་གི་རྗེས་དྲན་གཟེངས་རྟགས་ PV Narasimha Rao Memorial Award ཞེས་པ་དེ་སྲིད་བློན་དམ་པའི་རྗེས་དྲན་ཐེབས་རྩའི་སྐུ་ཚབ་ཚོགས་ཆུང་གིས་ཕྱི་ཟླ་ ༥ ཚེས་ ༨ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་འབུལ་ལམ་ཞུས་གནང་ཡོད་པ་རེད། སྐབས་དེར་མགོན་པོ་མཆོག་ལ་སྐུ་ཚབ་རྣམ་པས་དེང་སང་འཛམ་གླིང་གང་སར་དམག་འཁྲུག་ཟང་ཟིང་མང་པོ་ཞིག་ཡོང་བཞིན་པའི་སྐབས་འདིར་ང་རང་ཚོས་སོ་སོའི་སེམས་ནང་ཞི་བདེ་ཐོབ་ཐབས་ཇི་ལྟར་བྱེད་དགོས་པ་བཀའ་སློབ་ཞུས་པར་མགོན་པོ་མཆོག་ནས་བཀའ་སྩལ་དོན། ང་རང་ཚོ་ཚང་མས་དཀའ་ངལ་ཡོད་ཚད་གཞན་གྱི་ཐོག་ལ་ཡ་ལ་གཡུག་རྒྱུ་མེད་པ་རེད། ང་རང་ཚོའི་རང་ཤེད་དམ་རང་གཅེས་པར་འཛིན་པའི་བློ་འདི་དཀའ་ངལ་ཚང་མའི་རྒྱུ་རྐྱེན་དེ་ཆགས་ཀྱི་ཡོད་པ་རེད། སོང་ཙང་ང་རང་ཚོས་རྣམ་དཔྱོད་དང་ལྡན་པའི་ཐོག་ནས་བསམ་བློ་གཏོང་དགོས་ཡ་དེ་གནད་འགག་ཆེན་པོ་རེད། ཅེས་བཀའ་སྩལ་གནང་མཛད་ཡོད་འདུག

དེ་བཞིན་ད་རེས་ཀྱི་གཟེངས་རྟགས་འདི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་དགོས་དོན་སྐོར་ལ། སྲིད་བློན་དམ་པའི་ཐེབས་རྩའི་འགན་འཛིན་ ཨེམ་ཨེསེ་ བྷི་ཊ་ལགས་ནས་གསུངས་གསལ། རྒྱ་གར་གྱི་སྲིད་བློན་དམ་པ་སྐུ་ཞབས་ནཱ་རཱ་སིམ་ཧ་མཆོག་གི་འཛམ་གླིང་སྤྱི་དང་བྱེ་བྲག་ཏུ་རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་ཆེད་དུ་ཕྱག་ལས་གནང་བར་ངོས་འཛིན་དུ་དམ་པ་ཁོང་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་རཊ་ར་ཏ་ན་འབུལ་ལམ་ཞུས་ཡོད་པ་རེད། དེ་ནི་ནཱ་རཱ་སིམ་ཧ་མཆོག་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གཟིགས་པ་ཆེན་པོ་ཡོད་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་བསམ་གྱི་ཡོད། དེ་འདྲ་སོང་ཙང་དེ་རིང་དམ་པ་ཁོང་གི་གཉེན་ཉེ་འབྲེལ་ལྟོས་བཅས་ཁག་ཅིག་དང་འབྲེལ་ཡོད་ཐེབས་རྩའི་མི་སྣ་ཁག་ཅིག་བཅས་འདིར་ཆེད་དུ་བཅར་ཏེ་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དང་། ཆེ་བསྟོད་སླད་དུ་གཟེངས་རྟགས་འདི་འབུལ་བར་བཅར་བ་ཡིན། ང་ཚོས་༧གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་། ཐུགས་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ལ། དེ་དང་སྦྲགས་ང་ཚོར་ཡང་བྱ་ལམ་འགྲོ་ཡོང་བའི་སྨོན་འདུན་སྐྱབས་མཇུག་ཆེད་དུ་བཅར་བ་ཞིག་ཀྱང་ཆགས་ཀྱི་ཡོད་ཅེས་གསུངས་གནང་སོང་།

དེ་བཞིན་སྲིད་བློན་དམ་པ་ཁོང་གི་ཚ་བོ་ པི་ཝི་ ཀཱ་ཤབ་ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞི་བདེ་དང་འཚེ་བ་མེད་པའི་མཛད་རྗེས་ལས་གཟེངས་རྟགས་འདི་འབུལ་ལམ་ཞུས་པ་ཡིན་པ་དང་། མ་ཟད་ང་རང་ཚོ་ཚང་མས་ཁོང་གི་དགོངས་གཞི་ལྟར་བསྒྲུབ་ཐབས་ལ་འབད་བརྩོན་བྱེད་དགོས་པ་སོགས་གསུངས་གནང་སོང་ལ། གཞན་ཡང་ཐེབས་རྩ་དེ་གའི་སྐུ་ཚབ་གཞན་ བྷ་ལ་ ལཱ་ཐཱ་ལགས་ནས་ཀྱང་། སྲིད་བློན་དམ་པ་ ནཱ་རཱ་སིམ་ཧ་ མཆོག་ནི་ཁ་ཡོད་ལག་ཡོད་ཐོག་ལ་ཕྱག་ལས་གནང་མཁན་ཞིག་ཡིན་ལ། ཁོང་གི་དབུ་ཁྲིད་འོག་ལ་རྒྱ་གར་འདི་བཞིན་རྒྱལ་ཁབ་གཞན་ཚང་མའི་མཉམ་དུ་ཞི་མཐུན་ངང་གནས་ཐུབ་པ་བྱུང་ཡོད་པ་རེད། ཁོང་ནི་ཞི་བདེ་དང་འཚེ་བ་མེད་པར་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་རེད་ལ། ༧གོང་ས་མཆོག་ལ་ཡང་ཧ་ཅང་ཐུགས་འདྲིས་ཆེན་པོ་ཡོད་མཁན་ཞིག་ཀྱང་ཡིན་པ་རེད། ད་རེས་ང་ཚོས་༧གོང་ས་མཆོག་ལ་གཟེངས་རྟགས་འདི་འབུལ་དགོས་དོན་གཙོ་བོ་དེ་༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེའི་ཆེད་དུ་དུས་ནམ་ཡང་ཡིད་མ་ཞུམ་པར་སྐུ་ལས་བསྐྱོན་པའི་ཆེད་དུ་ཡིན་ཞེས་གསུངས་གནང་སོང་།

རྒྱ་གར་གྱི་སྲིད་བློན་སྐབས་དགུ་པ་ནཱ་རཱ་སིམ་ཧ་མཆོག
རྒྱ་གར་གྱི་སྲིད་བློན་སྐབས་དགུ་པ་ནཱ་རཱ་སིམ་ཧ་མཆོག

གཞི་རྩའི་ PV Narasimha Rao Memorial Award འམ་ ནཱ་རཱ་སིམ་ཧ་ རྗེས་དྲན་གཟེངས་རྟགས་འདི་བཞིན་རྒྱ་གར་གྱི་སྲིད་བློན་སྐབས་དགུ་པ་ནཱ་རཱ་སིམ་ཧ་མཆོག་གི་མཛད་རྗེས་ལ་གུས་བཀུར་ཞུ་ཆེད་དུ་སྲིད་བློན་དམ་པ་ཁོང་གི་མཚན་ཐོག་ཏུ་དྲན་གསོའི་ཐེབས་རྩ་གསར་འཛུགས་གནང་སྟེ། ཐེབས་རྩ་དེས་སྤྱི་ཚོགས་ཀྱི་བདེ་དོན་དང་འགྲོ་བ་མིའི་རིགས་ལ་དམིགས་བསལ་གྱི་ཞབས་འདེགས་ཞུ་གནང་མཁན་གྱི་སྐྱེ་བོར་རྗེས་དྲན་གཟེངས་རྟགས་དེ་འབུལ་སྲོལ་ཡོད་པ་རེད་འདུག །

གླེང་སྟེགས།

XS
SM
MD
LG