ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༡༩

བལ་པོའི་བརྒྱ་ལོར་གསར་པའི་སྟེང་གི་ས་ཁྲ་དེར་རྒྱ་གར་གྱིས་དགག་པ་བརྒྱབ།


བལ་པོའི་བརྒྱ་ལོར་གསར་པའི་རྒྱབ་ལོགས་སུ་དཔར་ཡོད་པའི་ས་ཁྲའི་ནང་དུ་རྩོད་གཞི་ཅན་གྱི་ས་གནས་ཁག་༣་འདུས་ཡོད་པ་སྟེ།
བལ་པོའི་བརྒྱ་ལོར་གསར་པའི་རྒྱབ་ལོགས་སུ་དཔར་ཡོད་པའི་ས་ཁྲའི་ནང་དུ་རྩོད་གཞི་ཅན་གྱི་ས་གནས་ཁག་༣་འདུས་ཡོད་པ་སྟེ།

༄༅།། བལ་པོའི་བརྒྱ་ལོར་གསར་པའི་རྒྱབ་ལོགས་སུ་དཔར་ཡོད་པའི་ས་ཁྲའི་ནང་དུ་རྩོད་གཞི་ཅན་གྱི་ས་གནས་ཁག་༣་འདུས་ཡོད་པ་སྟེ། ཕྱི་ཟླ་༥་པའི་ཚེས་༦་ཉིན་དབྱིན་ཇིའི་རང་བཙན་དྲྭ་ལམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བལ་ཡུལ་གྱི་བརྒྱ་ལོར་གསར་པའི་རྒྱབ་ཏུ་བཀོད་པའི་ས་ཁྲའི་ནང་དུ་ལི་ཕུགས་ལེགས་དང་ཀ་ལ་པ་ཎི། ལིམ་པི་ཡ་དྷུ་ར་༣་འདུས་ཡོད་པས་རྒྱ་གར་གྱིས་ངོ་རྒོལ་དྲག་པོ་བྱས་འདུག ༢༠༢༠་ལོར་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གི་འཁྲུག་རྩོད་ཛ་དྲག་ཆེ་རུ་ཕྱིན་ཏེ་དམག་འཁྲུག་ཆེན་པོ་ཞིག་ལང་གྲབས་སུ་གྱུར། རྒྱ་གར་གྱིས་རྒྱ་ནག་ལ་དམིགས་ནས་ལི་ཕུགས་ལེགས་ཀྱི་རི་མགོར་རྒྱ་ལམ་འཛུགས་སྐྲུན་བྱས་ནས་ཨུ་ཏྲ་ཁན་མངའ་སྡེའི་བྱང་ཕྱོགས་ལ་མཐུད། བལ་ཡུལ་གྱི་དེ་ལ་ངོ་རྒོལ་བྱས་ནས་ས་ཁྲ་གསར་པ་བྲིས་ཏེ་རྩོད་གཞི་ཅན་གྱི་ས་གནས་ཁག་༣་བལ་ཡུལ་གྱི་མངའ་ཁོངས་སུ་གཏོགས་ཀྱི་ཡོད་ཅེས་ས་ཁྲ་གསར་པ་ཞིག་བཀྲམ།།

བལ་ཡུལ་གྱི་ས་ཁྲ་གསར་པའི་ནང་དུ་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༣༣༥་ཁ་སྣོན་བྱས་པས་རྒྱ་གར་གཞུང་ནས་བལ་ཡུལ་གྱིས་བཅོས་བཟོ་བྱས་ནས་རང་གི་མངའ་ཁོངས་རྒྱ་བསྐྱེད་པ་རེད། བལ་ཡུལ་གཞུང་གིས་ལི་ཕུགས་ལེགས་དང་ཀ་ལ་པ་ཎི། ལིམ་པི་ཡ་དྷུ་ར་༣་བལ་པོའི་མངའ་ཁོངས་སུ་བཅུག་པར་ལོ་རྒྱུས་ཀྱི་དཔང་རྟགས་སམ། ཡང་ན་ལོ་རྒྱུས་ཀྱི་ཁུངས་སྐྱེལ་ཅི་ཡང་མེད། དེར་བརྟེན་ས་ཁྲ་དེ་ཆ་འཛིན་བྱེད་ཐུབ་པ་ཞིག་མ་རེད་ཅེས་ལན་བཏབ། རྒྱ་གར་དང་མ་འདྲ་བར་བལ་ཡུལ་ནི་ནུབ་ཕྱོགས་པའི་མི་སེར་སྤེལ་ཡུལ་དུ་ནམ་ཡང་གྱུར་མྱོང་མེད་ཅིང་། བལ་པོའི་གཞུང་གིས་༡༨༡༥་ལོར་དབྱིན་ཇིའི་གོང་མའི་གཞུང་དང་གྲོས་མཐུན་བཞག་སྟེ་ལིམ་པི་ཡ་དྷུ་ར་དང་ཀ་ལ་པ་ཎི། ལི་ཕུགས་ལེགས་༣་བལ་ཡུལ་གྱི་མངའ་ཁོངས་སུ་གཏོགས་པ་ཁས་བླངས་ཡོད་ཟེར། ཡིན་ནའང་༡༩༦༢་ལོར་རྒྱ་དཀར་ནག་གི་དམག་འཁྲུག་ལངས་པའི་རྗེས་སུ་རྒྱ་གར་གྱིས་ས་གནས་དེ་དག་ལ་དབང་བསྒྱུར་བྱས་པའི་གནས་ཚུལ་ཐོན་འདུག

གཟའ་ཟླ་བའི་ཉིན་བལ་ཡུལ་གྱི་ཆ་འཕྲིན་དང་འབྲེལ་མཐུད་བློན་ཆེན་རེ་ཁ་ཤར་མས་བཤད་པ་ལྟར་ན། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་སྲིད་བློན་པུ་ཤ་པ་ཀ་མལ་དྷལ་གྱི་གཙོ་སྐྱོང་འོག་བལ་ཡུལ་གྱི་བློན་ཆེན་རྣམས་ཚོགས་འདུ་ཚོགས། ཚོགས་འདུའི་ཐོག་ཏུ་བལ་ཡུལ་གྱི་བརྒྱ་ལོར་གསར་པའི་རྒྱབ་ལོགས་སུ་བཀོད་པའི་ས་ཁྲའི་ནང་དུ་ལི་ཕུགས་ལེགས་དང་ལིམ་པི་ཡ་དྷུ་ར། ཀ་ལ་པ་ཎི་༣་འགོད་རྒྱུའི་ཐག་བཅད་པ་རེད་ཅེས་བསྒྲགས། ཆ་འཕྲིན་དང་འབྲེལ་མཐུན་བློན་ཆེན་ཤར་མས་བལ་ཡུལ་གྱི་བློན་ཆེན་ཚོ་བརྒྱ་ལོར་རྙིང་པའི་རྒྱབ་ཀྱི་ས་ཁྲ་དེ་བརྗོ་པོ་བརྒྱབ་སྟེ་བརྒྱ་ལོར་གསར་པ་དཔར་དགོས་པའི་གྲོས་མཐུན་བྱུང་སོང་། བློན་ཆེན་ལྷན་ཁང་གི་ཐག་གཅོད་དེ་དབུས་དངུལ་ཁང་ལ་བརྒྱུད་བསྒྲགས་བྱས་ནས་ལོ་གཅིག་ཡས་མས་ཤིག་གི་ནང་དུ་བལ་ཡུལ་གྱི་བརྒྱ་ལོར་གསར་པ་ཐོན་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅེས་བཀྲལ།།

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤར་ཀར་
རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤར་ཀར་

ཕྱི་ཟླ་༥་པའི་ཚེས་༥་ཉིན་རྒྱ་གར་གྱི་ཡིད་ཆེས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་སྲིད་བློན་ཆེན་ཇཱེ་ཤར་ཀར་ནས་བལ་ཡུལ་གྱི་བརྒྱ་ལོར་གསར་པའི་རྒྱབ་ཏུ་བཀོད་པའི་ས་ཁྲའི་ནང་དུ་རྩོད་གཞི་ཅན་དང་རྒྱ་གར་གྱི་ས་ཆ་ཁག་༣་བཅུག་ཡོད་པ་ནི་རང་ངོས་ཁོ་ནའི་ཐག་གཅོད་ཅིག་དང་ཁུངས་ལུང་མེད་པ་ཞིག་རེད། ངས་གསར་འགྱུར་དེ་མཐོང་ཡོད་ཀྱང་ཞིབ་ཕྲ་ཞིག་བལྟས་མེད། བལ་ཡུལ་གྱི་ཐག་གཅོད་དེས་ས་གནས་ས་ཐོག་གི་དངོས་ཡོད་གནས་སྟངས་ལ་འགྱུར་བ་གཏོང་མི་ཐུབ། ང་ཚོའི་ལངས་ཕྱོགས་ནི་ཧ་ཅང་གསལ་པོ་ཡིན། ང་ཚོས་བལ་ཡུལ་ལ་གཏན་འབེབས་ཟིན་པའི་བརྒྱུད་ལམ་ཐོག་ཏུ་ས་མཚམས་ཀྱི་རྩོད་གཞི་ཁག་ལ་གྲོས་སྡུར་བྱེད་ཀྱི་ཡོད། བལ་ཡུལ་གྱིས་གློ་བུར་དུ་རང་ཕྱོགས་གཅིག་པུས་ས་ཁྲ་གསར་པ་བཏོན་ནས་ཇི་ལྟར་བྱས་ཀྱང་དོན་དངོས་ལ་འགྱུར་བ་ཐེབས་མི་ཐུབ་ཅེས་གསར་འགོད་པ་ཚོར་བཤད་འདུག

༢༠༢༠་ལོའི་ཕྱི་ཟླ་༦་པའི་ཚེས་༡༨་ཉིན་སྐབས་དེའི་བལ་ཡུལ་གྱི་སྲིད་བློན་ཤར་མ་ཨོ་ལིའི་གཞུང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་འགྱུར་བཅོས་བཏང་བའི་རྗེས་སུ་ས་ཁྲ་ལའང་འགྱུར་བ་ཐེབས། ལི་ཕུགས་ལེགས་དང་ཀ་ལ་པ་ཎི། ལི་པི་ཡ་དྷུ་ར་༣་བལ་པོའི་མངའ་ཁོངས་སུ་བཅུག སྐབས་དེར་རྒྱ་གར་གྱིས་ངོ་རྒོལ་དྲག་པོ་བྱས་པར་མ་ཟད། བལ་ཡུལ་གྱིས་མངའ་ཁོངས་རྩོད་ལེན་བྱེད་ཀྱི་ཡོད་པ་དེ་ཁུངས་འཁྱོལ་ཐབས་མེད་པ་ཞིག་རེད་ཅེས་བསྟན། འབྲས་ལྗོངས་དང་ནུབ་བངྒ་ལ། བྷི་ཧར་དང་ཨུ་ཏྲ་པྲ་དེ་ཤཱི། ཨུ་ཏྲ་ཁན་བཅས་རྒྱ་གར་གྱི་མངའ་སྡེ་ཁག་༥་བལ་ཡུལ་ལ་ས་མཚམས་འདྲེས། རྒྱ་གར་གྱིས་ལི་ཕུགས་ལེགས་དང་ཀ་ལ་པ་ཎི། ལིམ་པི་ཡ་དྷུ་ར་༣་ལ་འཛིན་སྐྱོང་བྱེད་ཀྱི་ཡོད་པས་ས་གནས་དེ་རྣམས་རྒྱ་གར་གྱི་མངའ་ཁོངས་ཡིན་ཞེས་སྒྲུབ་བྱེད་བཀོད། ༢༠༢༠་ལོར་བལ་ཡུལ་གྱི་དགག་པ་དྲག་པོ་བརྒྱབ་ཀྱང་རྒྱ་གར་གྱིས་ལི་ཕུགས་ལེགས་བརྒྱུད་ནས་བོད་ཀྱི་གངས་དཀར་ཏེ་སེ་དང་མ་ཕམ་གཡུ་མཚོར་གནས་སྐོར་དུ་བསྐྱོད་པའི་རྒྱ་ལམ་འཛུགས་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་།།

༢༠༢༠་ལོའི་ཕྱི་ཟླ་༦་པའི་ཚེས་༡༨་ཉིན་སྐབས་དེའི་བལ་ཡུལ་གྱི་སྲིད་བློན་ཤར་མ་ཨོ་ལིའི་
༢༠༢༠་ལོའི་ཕྱི་ཟླ་༦་པའི་ཚེས་༡༨་ཉིན་སྐབས་དེའི་བལ་ཡུལ་གྱི་སྲིད་བློན་ཤར་མ་ཨོ་ལིའི་

༢༠༢༠་ལོའི་ཕྱི་ཟླ་༧་པའི་ཚེས་༡་ཉིན་གཟའ་འཁོར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། བལ་ཡུལ་གཞུང་གིས་རྩ་ཁྲིམས་འགྱུར་བཅོས་བཏང་སྟེ་ཆབ་སྲིད་ཀྱི་ས་ཁྲ་བསྐྱར་དུ་བྲིས། བོད་དང་རྒྱ་གར། བལ་ཡུལ་གསུམ་འདྲེས་མཚམས་ཀྱི་ས་གནས་གནད་འགག་ཅན་༣་བལ་ཡུལ་གྱི་མངའ་ཁོངས་སུ་བཅུག་འདུག ལི་ཕུགས་ལེགས་དང་ཀ་ལ་པ་ཎི། ལིམ་པི་ཡ་དྷུ་ར་༣་བལ་ཡུལ་གྱི་ས་ཆ་ཡིན་ཞེས་སྤྱི་མོས་གྲོས་ཆོད་བཞག སྲིད་བློན་ཨོ་ལིས་རྒྱ་གར་ནས་མཆེད་པའི་ནད་དུག་ནི་རྒྱ་ནག་ནས་ཁྱབ་པའི་ནད་དུག་ལས་ཀྱང་ཚབས་ཆེན་རེད་ཅེས་སྐྱོན་བཙུགས། སྲིད་བློན་ཨོ་ལིས་རྒྱ་གར་དགྲ་རུ་འཛིན་དགོས་དོན་ནི་བལ་ཡུལ་གྱི་མངའ་ཁོངས་ཕྱིར་ལེན་དང་ནད་དུག་འགོག་ཐབས་ཤིག་མ་རེད། སྲིད་བློན་ཨོ་ལིས་ངའི་སྲིད་གཞུང་མགོ་རྟིང་སློག་ཐབས་བྱེད་ཀྱི་འདུག་ཅེས་རྒྱ་གར་དངོས་སུ་མིང་འབོད་མ་བྱས་པར་སྐྱོན་འཛུགས་བྱས་པ་བཅས་ཀྱིས་དགག་རྩ་རྣམས་ངོ་འཕྲོད་ཐུབ་ཅེས་གནས་ཚུལ་སྤེལ་འདུག

༢༠༢༠་ལོར་བལ་ཡུལ་གྱི་གཞུང་འཛིན་ཚོགས་པའི་ནང་ཁུལ་དུ་ཁ་གཏད་ཤོག་ཁག་ཅིག་གི་འཐུས་མི་ཚོས་ཤར་མ་ཨོ་ལིས་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུ་དགོས། ཁོ་པའི་གཏམ་སྤྱོད་དེ་རྣམས་ཆབ་སྲིད་དང་ཕྱི་འབྲེལ་གང་ལའང་མི་མཐུན་པ་ཞིག་རེད་ཅེས་གནོན་ཤུགས་སྤྲད། ཤར་མ་ཨ་ལིས་ངས་བལ་ཡུལ་གྱི་ས་ཆའི་བདག་དབང་བརྩད་པ་ནི་ནོར་འཁྲུལ་མིན། བལ་ཡུལ་གྱིས་ལོ་༡༤༦་ལ་ས་གནས་དེ་དག་གི་ཐོབ་ཐང་ལོངས་སུ་སྤྱད་པ་རེད། ལོ་༥༨་ཀྱི་གོང་དུ་ས་གནས་དེ་རྣམས་ང་ཚོའི་ལག་ནས་བཙན་འཕྲོག་བྱས་རེད་ཅེས་རྩོད་པ་འཕངས། ཉམས་ཞིབ་པ་ཁག་ཅིག་གིས་བལ་ཡུལ་དུ་བཅའ་སྡོད་སྐབས་དེའི་རྒྱ་ནག་གི་གཞུང་ཚབ་པ་ཧུག་ཡན་ཆིས་(Hou Yanqi)་ལི་ཕུགས་ལེགས་དང་ཀ་ལ་པ་ཎི། ལི་པི་ཡ་དྷུ་ར་༣་བལ་ཡུལ་གྱི་ས་ཁྲའི་ནང་དུ་འཇུག་དགོས་པ་དང་ཆབ་སྲིད་ཀྱི་ས་ཁྲ་གསར་པ་ཞིག་དཔར་འགྲེམ་བྱ་དགོས་ཞེས་སྐུལ་ལྕགས་བཏང་བས་སྲིད་བློན་ཨོ་ལིས་ལག་ལེན་བསྟར། རྒྱ་ནག་གི་གཞུང་ཚབ་པས་བལ་ཡུལ་དང་རྒྱ་གར་གྱི་འབྲེལ་བར་འགལ་ཟླ་བསླངས་ནས་ལྷོ་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྡུག་ཏུ་ཕྱིན་པ་རེད་ཅེས་དཔྱད་བརྗོད་སྤེལ་འདུག

གླེང་སྟེགས།

XS
SM
MD
LG