ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཁུ་ནུ་ས་ཁུལ་དུ་རི་ཉིལ་ཏེ་མི་ལ་འཆི་རྨས།


༄༅།། དེང་སྐབས་ལྷོ་ཨེ་ཤི་ཡ་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་ཆར་ཞོད་ཀྱི་དུས་སྐབས་ཚུགས། གཟའ་ལྷག་པའི་ཉིན་རྒྱ་གར་གྱི་ཧི་མ་ཅ་ལ་མངའ་སྡེའི་ཁུ་ནུ་རྫོང་གི་ས་གནས་ཤིག་ལ་རི་ཉིལ་ཏེ་ཕ་བོང་ལྷུང་ནས་ཉུང་མཐར་ཡང་མི་༡༣་ལ་སྲོག་སྐྱོན་དང་མི་༥༠་ཡས་མས་ཤིག་ས་འོག་ཏུ་མནན་ནས་རྙེད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག དེ་ཡང་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་དང་རྒྱ་གར་གྱི་ཊི་རི་བྷུན་གསར་ཤོག་སོགས་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་ཁུ་ནུ་རྫོང་དུ་རི་ཉིལ་བ་དང་རྦབ་རྡོ་སྒྲིལ་ནས་རྒྱ་ལམ་སྟེང་གི་སྤྱི་སྤྱོད་རླངས་འཁོར་དང་དོས་སྐྱེལ་རླངས་འཁོར་འགའ་ཞིག་ས་འོག་ཏུ་མནན། ཆར་ཞོད་དུས་སུ་ས་རུད་བརྒྱབ་པ་དང་རི་ངོས་ནས་རྦབ་རྡོ་སྒྲིལ་བ་སོགས་ཕ་བོང་ཆེན་པོ་རྣམས་ལྷུང་གི་ཡོད་པས་ཉེན་སྐྱོབ་ཀྱི་ལས་དོན་ཁག་ལ་འགོག་རྐྱེན་ཕྲད། ཉེ་བའི་ཟླ་ཤས་ཤིག་ནས་རྒྱ་གར་ལ་ཆར་ཞོད་དུས་སུ་རི་ཉིལ་བ་དང་རྦབ་རྡོ་སྒྲིལ་ནས་ཆག་སྒོ་ཆེན་པོ་ཞིག་འབྱུང་གི་ཡོད་པའི་གནས་ཚུལ་ཐོན། རྒྱ་གར་གྱི་དམག་དང་རྒྱལ་ཡོངས་ངལ་སེལ་དཔུང་སྡེའི་དམག་མི་བཅས་མི་༢༠༠་ལྷག་གིས་མཚན་མོར་འདམ་ཉོག་དང་ཆར་ཆུའི་ཁྲོད་དུ་ཉེན་སྐྱོབ་ལས་དོན་བསྒྲུབས། ཧིན་བོད་ས་མཚམས་ཉེན་རྟོག་པའི་སྒྲིག་འཛུགས་ཀྱི་བཀོད་འདོམས་པ་གཞོན་པ་དྷར་མཱིན་དྷར་ཐ་ཀུར་གྱིས་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གི་གསར་འགོད་པར་མི་༡༣་ཉེན་སྐྱོབ་ཐུབ་སོང་། མི་༢༥་ནས་༣༠་ཡས་མས་ཤིག་འཆི་གསོན་ཅི་ཡིན་རྙེད་ཀྱི་མི་འདུག ང་ཚོར་རླངས་འཁོར་བཞི་ལྔ་ཞིག་ས་འོག་ཏུ་མནར་སོང་ཞེས་བརྡ་ལན་འབྱོར་སོང་། ང་ཚོས་གཟའ་ལྷག་པའི་ཉིན་ས་རྡོ་མང་ཆེ་བ་ཕྱུང་ཚར་ཀྱང་རླངས་འཁོར་གཅིག་གཏན་ནས་རྙེད་ཀྱི་མི་འདུག་ཅེས་བཀྲལ། རྒྱ་གར་གྱི་ཉེན་སྐྱོབ་པ་ཚོས་ས་འོག་ཏུ་ཤོར་བའི་རླངས་དེ་འཚོལ་བཞིན་བྱེད་པའི་བརྙན་པར་དང་བརྙན་འཕྲིན་སོགས་དྲྭ་ལམ་གང་སར་འགྲེམ་སྤེལ་ཤུགས་ཆེན་བྱུང་འདུག

གཟའ་ཕུར་བུའི་སྔ་དྲོར་ཁུ་ནུ་བའི་ཁྱིམ་ཚང་ཁག་གི་བཟའ་མི་ཚོས་རང་གི་གཉེན་ཉེ་སྤུན་མཆེད་སོགས་ལ་ཉེ་ཞོ་བྱུང་ཡོད་མེད་སེམས་འཚབ་ཀྱིས་འདྲ་རྩད་བྱེད་པའམ། ཡང་ན་ཁོ་ཚོ་འཆི་གསོན་ཅི་ཡིན་གྱི་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུ་དེར་དངངས་སྐྲག་གིས་སྒུག ལོ་ན་༢༢་ལ་སོན་པའི་ཧན་སི་ར་ཇ་ཞེས་པ་ཞིག་གིས་ངས་མེས་མོར་འབྲེལ་བ་བྱ་ཐབས་བྱེད་བཞིན་ཡོད། མེས་མོ་གཟའ་ལྷག་པའི་ཕྱི་དྲོར་རླངས་འཁོར་གཅིག་གི་ནང་དུ་ཕྱིན་སོང་། མེས་མོ་སྤྱི་སྤྱོད་རླངས་འཁོར་ནང་དུ་མ་འཛུལ་གོང་དེར་ངས་སྐད་ཆ་བཤད་པ་ཡིན། ང་ཚོས་རི་ཉིལ་ཏེ་རྦབ་རྡོ་ཟགས་པའི་གནས་ཚུལ་དེ་ཐོས་མ་ཐོག་ཏུ་མེས་མོར་འབྲེལ་བ་བྱས་ཀྱང་ཁ་པར་གྱི་གློག་སྒོ་བརྒྱབ་འདུག ང་གཟའ་ཕུར་བུའི་སྔ་དྲོར་ས་རུད་རྒྱག་ས་དེར་བསླེབས་ཀྱང་མེས་མོ་འཆི་གསོན་ཅི་ཡིན་རྙེད་མ་སོང་། ངའི་སེམས་ཀྱི་སྡུག་བསྔལ་འདི་འགྲེལ་བཤད་རྒྱག་ཐུབ་པ་ཞིག་མ་རེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། ཁུ་ནུ་བ་རྣམས་ནི་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཀྱི་འབྱུང་ཁུངས་སོགས་ཕྱོགས་གང་ཐད་དུ་བོད་ལ་འབྲེལ་བ་དམ་ཟབ་ཡོད་ཅིང་། དཔེར་ན་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་ནི་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབང་ལུང་མན་ངག་མང་དག་ཅིག་ཞུ་ཡུལ་བླ་མ་རྩ་ཆེན་ཞིག་ཡིན་འདུག

རྒྱ་གར་གྱི་ཉེན་སྐྱོབ་པ་ཚོས་རླངས་འཁོར་གཅིག་ས་འོག་ཏུ་མནན་ནས་གང་དུ་ཡོད་པ་ཏག་ཏག་ཅིག་ཤེས་ཀྱི་མི་འདུག དེར་བརྟེན་ང་ཚོས་ཉེན་སྐྱོབ་ཀྱི་ལས་དོན་ཡང་འཕྲལ་དུ་བསྒྲུབ་དཀའ་བ་ཞིག་རེད་ཅེས་བཤད། རྒྱ་གར་གྱི་ཊི་རི་བྷུན་ཉིན་རེའི་ཚགས་པར་ལ་གཟའ་ལྷག་པའི་ཉིན་ས་རུད་བརྒྱབ་སྟེ་བྱིས་པ་ཞིག་དང་བུད་མེད་ལྔ་ཚུད་པའི་མི་༡༠་ཐམ་པ་ས་རྡོའི་འོག་ཏུ་མནན་ནས་འཆི་སྐྱོན་བྱུང་འདུག མི་༡༣་ལ་རྨས་སྐྱོན་ཕོག་ཡོད་པ་དང་མི་༥༠་ཡས་མས་ཤིག་རླངས་འཁོར་ནང་དུ་ས་འོག་ཏུ་མནན་ཡོད་ཤས་ཆེ། རི་ཉིལ་ཏེ་རྦབ་རྡོ་སྒྲིལ་ས་ནི་ཁུ་ནུ་རྫོང་ནས་སྤྱི་ལེ་༡༧༠་ཐམ་པའི་མཚམས་ཀྱི་ནེའུ་གྷལ་སཱ་རཱི་ཞེས་པའི་ས་གནས་དེ་རེད། ད་ལོ་རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེར་སྔར་དང་མ་འདྲ་བར་ཆར་དུས་སྔོན་ལ་ཚུགས་པ་དང་ཆར་ཤུགས་ཀྱང་ཆེན་པོ་འབབ་ཀྱི་འདུག་ཅེས་གནས་ཚུལ་ཞིབ་ཕྲ་ཞིག་སྤེལ་འདུག

ཚན་རིག་པ་ཚོས་འཛམ་གླིང་གི་ས་གནས་གང་སར་ཆུ་ལོག་རྒྱུག་པ་དང་ཐན་པ་བྱུང་བ། ཚ་གདུག་ཇེ་ཆེ་དང་གདོད་མའི་ནགས་ཚལ་རྣམས་མེར་འཚིག་གི་ཡོད་པ་སོགས་ནི་འཛམ་གླིང་གི་སའི་གོ་ལའི་གཤམ་གཤིས་ལ་འགྱུར་ལྡོག་ཐེབས་ཏེ་ཚ་དྲོད་རྒྱས་ཀྱི་ཡོད་པའི་རྟགས་མཚན་རེད། འགྲོ་བ་མིའི་བྱེད་ལས་ཀྱིས་ཕྱིའི་འཇིག་རྟེན་གྱི་སྣོད་དང་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་འཚོ་གནས་མི་ཐུབ་པར་ཉེན་ཁའི་གནས་སུ་རྫོང་གི་འདུག ང་ཚོའི་རླངས་འཁོར་དང་གནམ་གྲུ། གྲུ་གཟིངས་དང་གློག་ཁང་སོགས་ནས་རྡོ་སོལ་དང་རྡོ་སྣུམ་གྱི་དུ་བ་ནག་པོ་མཁའ་དབྱིངས་སུ་བཏང་སྟེ་ཟེ་རླངས་ཀྱིས་སའི་གོ་ལའི་ཚ་དྲོད་ཆེ་རུ་གཏོང་གི་ཡོད་པ་མཚམས་འཇོག་མ་བྱས་ཚེ། འཛམ་གླིང་གི་སའི་གོ་ལའི་གཤམ་གཤིས་ལ་འགྱུར་ལྡོག་ཐེབས་ཀྱི་ཡོད་པ་ནམ་ཡང་བཅོས་ཐབས་མེད་པ་དང་གོ་ལ་ཧྲིལ་པོ་གསོ་ཐབས་མེད་པ་ཞིག་ཏུ་འགྱུར་རྒྱུ་ཡིན་པར་མ་ཟད། འཛམ་གླིང་གི་གངས་རི་དང་འཁྱག་རོམ་རྣམས་ཀྱང་ཞུ་སྟེ་རྒྱ་མཚོའི་མཐོ་ཚད་སྤྱི་ཁྲུ་མང་པོ་འཕར་ཏེ་དམའ་སའི་རྒྱལ་ཁབ་ཁག་མཚོ་ནང་དུ་ནུབ་རྒྱུ། མཚོ་འགྲམ་དང་གླིང་ཕྲན་རྒྱལ་ཁབ་ཁག་གི་མི་གྲངས་ས་ཡ་མང་པོ་ཆགས་ས་རྟེན་ས་མེད་པར་སྐྱབས་བཅོལ་དུ་འགྲོ་དགོས་པའི་དཀའ་ངལ་གསར་པ་ཞིག་འཕྲད་རྒྱུའི་ཉེན་ཁ་ཆེ་ཞེས་བསྟན། སྲིད་པའི་གངས་རི་དང་འཁྱག་རོམ་རྣམས་ཞུ་བཞིན་པའི་རྟགས་མཚན་གསལ་པོ་ཞིག་ནི་བོད་དང་རྒྱ་གར། བལ་ཡུལ་བཅས་ཀྱི་བར་དུ་འཆགས་པའི་རི་བོ་ཧི་མ་ལ་ཡའི་གངས་རི་དང་འཁྱག་རོམ་རྣམས་ལོ་རེ་བཞིན་ཇེ་ཉུང་དུ་སོང་སྟེ་རི་ལུང་མང་དག་ཅིག་བྱེ་ཐང་དུ་འགྱུར་གྱི་ཡོད་པས་མཚོན་ཐུབ། གལ་སྲིད་བོད་ཀྱི་སྲིད་པའི་གངས་རི་དང་འཁྱག་རོམ་རྣམས་ཞུ་ན་རྒྱ་དཀར་ནག་གཉིས་དང་བྷང་ག་ལ། པ་ཀི་སི་ཐན་དང་འབར་མ། ཐེ་ལན་ཌི་དང་ཝྭི་ཏེ་ནམ་སོགས་འཛམ་གླིང་གི་མི་འབོར་དུང་ཕྱུར་མང་པོར་ཆུའི་ཐོན་ཁུངས་སྐམ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་རེད།།

XS
SM
MD
LG