ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

འབྲུག་གཞུང་གིས་བལ་ཡུལ་ལ་སྨན་ཁབ་མཁོ་སྤྲོད།


༄༅།། འབྲུག་གཞུང་གིས་རང་གི་མི་དམངས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ཟིན་ཡོད་ཅིང་། འབྲུག་ཡུལ་གྱིས་སྨན་ཁབ་རྒྱག་སྟངས་དེ་འཛམ་གླིང་ཡོངས་ཀྱིས་མིག་དཔེར་བལྟ་འོས་པ་དང་སློབ་སྦྱོང་བྱེད་དགོིས་པའི་གནས་ཚུལ་བཟང་པོ་ཞིག་ཡིན་འདུག ཕྱི་ཟླ་༨་པའི་ཚེས་༦་ཉིན་བལ་ཡུལ་གྱི་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་དང་ཧི་མ་ལ་ཡ་དུས་བབ་ཚགས་པ་གཉིས་ལ་གནས་ཚུལ་ཐོན་པ་ལྟར་ན། བལ་ཡུལ་གཞུང་གིས་རེ་སྐུལ་ལྟར་འབྲུག་པའི་གཞུང་གིས་བལ་ཡུལ་ལ་དབྱིན་ཇིའི་བཟོས་པའི་ཨེ་སི་ཊ་ར་ཛེ་ན་ཁ་སྨན་ཁབ་༢༣༠༠༠༠་བལ་ཡུལ་ལ་བགོ་འགྲེམ་བྱས་འདུག ད་ནངས་སྔ་དྲོའི་ཆུ་ཚོད་༩་དང་སྐར་མ་༡༥་སྟེང་དུ་འབྲུག་གི་གནམ་གྲུ་ཞིག་གི་ནང་དུ་སྨན་ཁབ་ཁྱེར་ནས་བལ་ཡུལ་གྱི་རྒྱལ་སའི་ཊི་རི་བྷུ་ཝྭན་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར། བལ་ཡུལ་གྱི་འཕྲོད་བསྟེན་དང་མི་འབོར་ཞིབ་བཤེར་བློན་ཆེན་གྱིས་གཟའ་པ་སངས་ཀྱི་ཕྱི་དྲོར་འབྲུག་ཡུལ་ནས་སྨན་ཁབ་༢༣༠༠༠༠་འབྱོར་སོང་ཞེས་གསར་འགོད་གསལ་བསྒྲགས་སྤེལ། བལ་ཡུལ་གྱི་ཕྱི་སྲིད་དང་འཕྲོད་བསྟེན་ལྷན་ཁང་གི་མཐོ་རིམ་ལས་སྣེ་ཚོས་འབྲུག་གཞུང་གིས་མཁོ་འགྲེམ་བྱས་པའི་སྨན་ཁབ་རྣམས་རྩིས་ལེན་བྱས་པ་རེད་ཅེས་གནས་ཚུལ་སྤེལ་འདུག བལ་ཡུལ་ལ་ནད་རླབས་གཉིས་པ་འཕྱུར་པའི་རྗེས་སུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་འདང་ངེས་མེད་པར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་རེད།།

བལ་ཡུལ་གྱི་སྲིད་བློན་ཤཱེར་བྷ་དྷུར་དྷོ་ཡེ་བྷས་ང་ཚོས་ཏོག་དབྱིབས་ནད་དུག་ལ་གདོང་ལེན་དང་ནད་ཡམས་ཀྱི་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར་འབྲུག་གཞུང་གིས་མཛའ་བརྩེ་བཅངས་ནས་བལ་ཡུལ་ལ་སྨན་ཁབ་མཁོ་འགྲེམ་གནང་བར་དགའ་བསུ་ཞུ། ངས་འབྲུག་གི་རྒྱལ་པོ་མཆོག་དང་སྲིད་བློན་རྣམ་གཉིས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། རྣམ་པ་ཚོས་བལ་ཡུལ་ལ་མཉམ་རོགས་དང་སྨན་ཁབ་༢༣༠༠༠༠་མཁོ་སྤྲོད་གནང་བར་རྗེས་སུ་ཡི་རང་ཞུ། ཕྱིས་སུ་བལ་ཡུལ་གྱིས་འབྲུག་ཡུལ་ལ་དྲིན་ལན་སློག་ངེས་ཡིན་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། བདུན་ཕྲག་སྔོན་མར་བལ་ཡུལ་གཞུང་གིས་འབྲུག་ཡུལ་གྱི་མི་འབོར་བརྒྱ་ཆ་༩༠་ལྷག་ལ་སྨན་ཐུན་གཉིས་ཀའི་འགོག་ཁབ་ཆ་ཚང་བརྒྱབ་ཚར་ཡོད་པ་དང་འབྲུག་ཡུལ་ལ་སྨན་ཁབ་ལྷག་མ་ཡོད་པ་ཤེས་རྟོགས་བྱུང་སྟེ་སྨན་ཁབ་མཁོ་འགྲེམ་གནང་རོགས་ཞེས་རེ་སྐུལ་ཞུས། བལ་ཡུལ་ལ་སྨན་ཁབ་འདང་ངེས་བྱུང་སྟེ་འཐོལ་པ་ཡོད་ན་འབྲུག་ཡུལ་ལ་སྨན་ཁབ་སྐྱིན་ཚབ་སློག་རྒྱུའི་གྲོས་མཐུན་བྱུང་མོད། འོན་ཀྱང་བལ་ཡུལ་ལ་དུས་ནམ་ཞིག་སྨན་ཁབ་འཐོལ་པ་ལྷག་རྒྱུ་ཡིན་པ་དང་དུས་ནམ་ཞིག་འབྲུག་ཡུལ་ལ་སྨན་ཁབ་སྐྱིན་ཚབ་སྤྲོད་དགོས་པའི་དུས་ཚོད་སོགས་ངེས་གཏན་བྱས་མེད་པ་རེད།།

ཉེ་ཆར་ཕྱི་ཟླ་༧་པའི་ཚེས་༢༨་ཉིན་རྒྱ་གར་གྱི་དེ་རིང་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟའི་བར་དུ་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་ནས་མི་གྲངས་དུང་ཕྱུར་མང་པོར་ནད་མནར་དང་མི་ས་ཡ་འགའ་ཞིག་ལ་འཆི་སྐྱོན་ཕོག འཛམ་གླིང་ཧྲིལ་པོར་འགྲོ་འོང་བཀག་སྡོམ་བྱས་ནས་ཟླ་བ་མང་པོར་འདུག་དགོས་ཐུག་ཀྱང་འབྲུག་ཡུལ་ལ་གཏན་ནས་ནད་མནར་དང་འཆི་སྐྱོན་ཚབས་ཆེན་གྱི་གོ་ཆག་ཕོག་མི་འདུག འབྲུག་རྒྱལ་ཡོངས་སུ་མི་༢༣༧་ལ་ཏོག་དབྱིབས་ནད་དུག་འགོས་པ་དང་མི་༢་ལ་མ་གཏོགས་འཆི་སྐྱོན་བྱུང་མེད་པ་ནི་ཧ་ཅང་གི་ཡ་མཚན་ཞིག་རེད་ཅེས་བཀོད། འབྲུག་ཡུལ་གྱི་ཀུན་གསལ་གཙོས་གསར་ཤོག་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༡་གི་ཕྱི་ཟླ་༧་པའི་ཚེས་༢༧་གྱི་མཚམས་སུ་འབྲུག་ཡུལ་ལ་མི་འབོར་༧༥༠༠༠༠་ཡས་མས་ཤིག་ཡོད་པ་དེའི་ཁོངས་ནས་སྤྱི་དམངས་ནར་སོན་པ་༤༥༤༠༠༠་ལ་ཉི་མ་བདུན་གྱི་ནང་དུ་འགོག་ཁབ་བརྒྱབ་ཚར་བ་རེད་ཅེས་བཀོད། འདི་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་གྲས་སུ་མི་དམངས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་པ་ཆེས་མགྱོགས་ཤོས་ཀྱི་གྲས་སུ་ཚུད། འབྲུག་ཡུལ་གྱིས་འགོག་ཁབ་བརྒྱབ་པའི་གྲུབ་འབྲས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་སྣེ་ཚོས་བསྔགས་བརྗོད་གནང་ཡོད་པའི་གནས་ཚུལ་ཐོན་ཡོད་པར་མ་ཟད། ད་ལོའི་ཕྱི་ཟླ་དང་པའི་ཚེས་༢༠་ནས་འབྲུག་ཡུལ་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་འགོ་ཚུགས་ཀྱང་སྨན་པ་དང་སྨན་ཞབས་པ་མང་པོ་མེད་པས་འབྲུག་ཡུལ་གྱི་སྤྱི་དམངས་སྟོང་ཕྲག་མང་པོས་དང་བླངས་ཀྱིས་མི་དམངས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG