ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཝུ་ཧན་ལ་ནད་པ་གསར་པ་ཐོན་མེད་ཟེར་པ་བདེན་པ་མིན་སྐད།


༄༅།། ཉེ་དུས་ཤིག་ནས་རྒྱ་ནག་གི་འགོ་ཁྲིད་ཚོས་ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་གི་ནད་པ་གསར་པ་ཐོན་མ་སོང་ཞེས་ཁྱབ་བསྒྲགས་བྱས་ཀྱང་ས་གནས་དེའི་མི་མང་གིས་ཧོང་ཀོང་བརྙན་འཕྲིན་དྲྭ་ཚིགས་ལ་བཤད་པ་ལྟར་ན། ཏོག་དབྱིབས་རིམས་ནད་ཀྱི་ནད་པ་ཚོར་སྨན་ཁང་གིས་བརྟག་དཔྱད་བྱེད་ཀྱི་མེད་ཅིང་། མི་ཞིག་གིས་རྒྱ་གཞུང་གིས་ནད་པ་གསར་པ་བྱུང་མེད་ཅེས་གྲངས་ཐོ་ཞིག་ཕྱིར་བསྒྲགས་བྱེད་ཀྱི་ཡོད་པ་ནི་སྨན་བཅོས་ཤིག་མིན་པར་སྲིད་བཅོས་ཀྱི་གྲངས་ཐོ་ཞིག་རེད་ཅེས་བཤད། ཝུ་ཧན་གྲོང་ཁྱེར་ནི་༢༠༡༩་ལོའི་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁངས་སུ་གྱུར། ད་ལྟ་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་འཛམ་གླིང་ཡོངས་སུ་ཁྱབ་སྟེ་གོ་ལའི་ཁྱོན་གྱི་རིམས་ནད་ཅིག་ཏུ་གྱུར་ཀྱང་ཝུ་ཧན་གྲོང་ཁྱེར་གྱི་གཞུང་འབྲེལ་མི་སྣ་ཚོས་མངའ་ཁུལ་དེའི་མི་མང་གི་རྒྱུན་ལྡན་འཚོ་བ་སླར་གསོ་བྱེད་ཐུབ་ཀྱི་ཡོད། ཁ་སྔོན་ཛ་དྲག་གི་དུས་སུ་འཛུགས་སྐྲུན་བྱས་པའི་འཕྲལ་སེལ་གྱི་སྨན་ཁང་༡༠་སྒོ་བརྒྱབ་ཟིན། འཕྲལ་སེལ་སྨན་ཁང་ཁག་ཅིག་ཏུ་ནད་རྟགས་ཤུགས་ཆེན་པོ་ཐོན་མེད་པའི་ནད་པ་ཚོར་བརྟག་དཔྱད་བྱེད་བཞིན་ཡོད། ཝུ་ཧན་གྲོང་ཁྱེར་དུ་ནད་པ་གསར་པ་འཐོན་གྱི་མེད་པས་བརྟག་དཔྱད་ཆུང་ཁག་རྣམས་ཀྱང་དགོ་ངེས་ཤིག་མ་རེད་ཅེས་གསལ་བསྒྲགས་སྤེལ། རུས་མིང་ཝན་ཞེས་པའི་ཝུ་ཧན་བ་ཞིག་གིས་རང་གི་ཨ་མ་ལོ་ན་༧༠་ཐམ་པར་སོན་པ་དེ་སྨན་ཁང་ནས་ཕྱི་ལ་ཐོན་པའི་རྗེས་སུ་སླར་ཡང་གློ་ཚད་ཕོག་སོང་། ད་ལྟ་ཨ་མ་མགྲོན་ཁང་ཞིག་ཏུ་ས་གནས་འགོ་ཁྲིད་ཚོས་ཟུར་འགོག་བྱས་ནས་བཞག་སོང་། ཨ་མར་ཏོག་དབྱིབས་ནད་རྟགས་ཐོན་གྱི་མེད་པས་སྨན་ཁང་གཅིག་གིས་ཀྱང་བདག་པོ་རྒྱག་གི་མི་འདུག ང་ཚོ་རང་ཁྱིམ་དུ་བཀག་ཡོད་པ་དང་ཨ་མར་ལྟ་རྟོག་སོགས་ཅི་ཡང་བྱེད་ཐུབ་ཀྱི་མི་འདུག ས་གནས་ཀྱི་འགོ་ཁྲིད་ཚོས་ང་ལ་རང་ཁྱིམ་དུ་སྒུག་ནས་སྡོད་ཟེར་གྱི་འདུག ང་ནི་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་ཡོད་ཅེས་བཤད ད་དུང་ཝུ་ཧན་བ་གཞན་ཁག་ཅིག་ལའང་དཀའ་ངལ་གཅིག་མཚུངས་ཤིག་འཕྲད་ཡོད་པའི་གནས་ཚུལ་ཐོན། དཔེར་ན་དང་བླངས་རུ་ཁག་ཅིག་གི་ཚོགས་མི་ཞིག་གི་ཨ་མར་སྙིང་གི་ན་ཚ་བྱུང་སྟེ་སྨན་ཁང་དུ་ཚུད། ཁོ་མོས་ཀྱང་སྨན་ཁང་གི་ལས་བྱེད་པ་ཚོས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཚོར་སྨན་བཅོས་མ་བྱས་པར་རང་ཁྱིམ་དུ་སློག་གི་ཡོད་པ་དངོས་སུ་མཐོང་འདུག ཀྲང་དབྱི་ཞེ་པའི་དང་བླངས་པ་དེས་རྒྱ་ནག་གཞུང་གིས་རང་གི་ས་ཐོག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་འབྱུང་གི་མེད་ཟེར་གྱི་ཡོད་པ་ནི་ཆབ་སྲིད་ཀྱི་དགོས་མཁོ་ཞིག་རེད། ང་ལ་ཝུ་ཧན་གྲོང་ཁྱེར་གྱི་ས་གནས་གཞུང་འབྲེལ་མི་སྣ་ཚོས་གྲོང་ཁྱེར་དེར་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གསར་པ་ཡོང་གི་འདུག་ཅེས་བཀོད་པའི་བརྡ་འཕྲིན་ཁག་ཅིག་འབྱོར་བྱུང་། སྲིད་གཞུང་གིས་ཕྱིར་བསྒྲགས་བྱས་པའི་གྲངས་ཐོ་རྣམས་བདེན་པ་ཡིན་མིན་ཁྱེད་ཚོས་ཤེས་གསལ་རེད་སྙམ། འདི་ནི་སྲིད་ཇུས་ཤིག་ཡིན་པ་ལས་སྨན་བཅོས་ཤིག་མ་རེད་ཅེས་བཤད་འདུག


ན་ནིང་ལོ་མཇུག་ཏུ་རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་ཁྱབ་ནས་ཝུ་ཧན་གྲོང་ཁྱེར་གཅིག་པུར་མི་༢༥༠༠་ལྷག་ཤི་བ་དང་མི་ཁྲི་ཚོ་འགའ་ཞིག་ལ་ནད་དུག་འགོས་ཞེས་རྒྱ་ནག་གཞུང་གིས་བསྒྲགས། སྐྱེས་པ་ཞིག་གི་ཨ་མ་ཏོག་དབྱིབས་ནད་དུག་གིས་གྲོངས་པ་དང་མི་དེས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་སྟེ། ཁོ་པས་རྒྱ་ནག་གཞུང་གིས་མི་དམངས་ལ་ཉེན་བརྡ་མ་བཏང་བར་རིམས་ནད་ཅིག་ཁྱབ་གདལ་འགྲོ་བཞིན་པ་སྦ་གསང་བྱས་པ་རེད། ཐ་ན་ཕྱི་ཟླ་དང་པོའི་ཟླ་དཀྱིལ་བར་དུ་རྒྱ་གཞུང་གི་འབྲེལ་ཡོད་ལས་སྣེ་ཚོས་ཏོག་དབྱིབས་ནད་དུགམི་ནས་མི་ལ་འགོ་ཡི་ཡོད་པའི་རྟགས་མཚན་མི་འདུག་ཅེས་འགྲེལ་བཤད་བརྒྱབ་སོང་། ངའི་ཨ་མར་འཆི་སྐྱོན་བྱུང་བའི་ལན་ཁག་རྒྱ་ནག་གཞུང་ལ་ཡོདང་ལ་སྲིད་གཞུང་གིས་གྱོང་གསབ་སྤྲོད་དགོས་པའི་ཁ་མཆུ་བཙུགས་ཏེ་ཁྲིམས་ལ་གཏུག་འཆར་ཡོད། ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཚོའམ། ཡང་ན་དེ་དག་གི་བཟའ་མི་ཚོས་སྲིད་གཞུང་ལ་ཁ་མཆུ་བཙུགས་ནས་ཁྲིམས་གཏུག་བྱ་འཆར་ཡོད་པ་དེར་གཞུང་འབྲེ་མ་ཡིན་པའི་ཁྲིམས་དོན་ཚོགས་པ་ཞིག་ཀྱང་བཙུགས་ཡོད་ཅེས་བཤད། རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་གནོན་ཤུགས་དང་སྐྱོན་བརྗོད་ལ་བརྟེན་ནས་རྒྱ་ནག་གཞུང་གིས་གཟའ་འཁོར་སྔོན་མར་སྨན་པ་ལི་ཝེན་ལེང་གི་བཟའ་མི་ཚོར་བཟོད་གསོལ་ཞུས། སྨན་པ་ལི་ཝེན་ལེང་གིས་སྔ་ལོའི་ཕྱི་ཟླ་༡༢་པ་ནས་ཝུ་ཧན་གྲོང་ཁྱེར་ནང་སཱར་སི་ལྟ་བུའི་གློ་ཚད་ཀྱི་རིམས་ནད་གསར་པ་ཞིག་ཁྱབ་ཀྱི་འདུག་ཅེས་ལས་རོགས་ཁག་ཅིག་ལ་སྐད་འཕྲིན་ནང་དུ་ནང་མོལ་གྱི་འཕྲིན་ཐུང་ཞིག་སྤེལ་རུང་རྒྱ་ནག་གཞུང་གིས་སྨན་པ་ལི་ཝེན་ལེང་གིས་དཀྲོག་གཏམ་སྒྲོགས་ཀྱི་ཡོད་པའི་ནག་ཉེས་བཙུགས་ནས་ཁ་བཀག་པ་རེད།

རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་བྱུང་བའི་ཏོག་དབྱིབས་རིམས་ནད་འཛམ་གླིང་ཡོངས་ལ་ཁྱབ། ད་ལྟ་ཕྱི་ཟླ་༣་པའི་ཚེས་༢༣་སྔ་དྲོའི་བར་དུ་ཨ་མི་རི་ཀར་མི་༤༦༢་ལ་འཆི་སྐྱོན་དང་མི་༣༨༧༩༣་ལ་ནད་དུག་འགོས། ཨ་རིའི་འཕྲོད་བསྟེན་སྤྱི་ཁྱབ་འགན་འཛིན་གྱིས་གཟའ་འཁོར་འདིར་ཨ་མི་རི་ཀ་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཧ་ཅང་ཇེ་མང་དུ་འགྲོ་རྒྱུ་ཡིན་པས་མི་མང་རྣམས་རང་ཁྱིམ་དུ་འཛུལ་ནས་སྡོད་དགོས། སྨན་ཁང་ཁག་ལ་ནད་པར་ཐུག་འཕྲད་དང་བུད་མེད་ཕྲུ་གུ་སྐྱེ་མཁན་ཚོར་ཐུག་འཕྲད་དུའང་མ་ཡོང་ན་ལེགས་ཞེས་གདམསསྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་དབུས་གཞུང་གིས་ཏོག་དབྱིབས་ནད་དུག་ཁྱབ་ཡུལ་གཙོ་བོ་ཁེ་ལི་ཧྥོར་ཎི་ཡ་དང་ཝ་ཤིང་ཊོན་མངའ་སྡེ། ནེའུ་ཡོཀ་གསུམ་ལ་རྒྱལ་ཡོངས་ཡུལ་སྲུང་དམག་བཀྲམ་ནས་མི་དམངས་ལ་བཟའ་བཏུང་སྐྱེལ་འདྲེན་དང་འགྲིམ་འགྲུལ་བཀག་སྡོམ་གྱི་སྒྲིག་ཁྲིམས་ལག་བསྟར། མངའ་སྡེ་ཁག་གི་འགོ་ཁྲིད་ཚོར་རྒྱབ་སྐྱོར་བྱས་ནས་ཛ་དྲག་གི་ལས་དོན་བསྒྲབ་དགོས་པའི་བཀའ་ཕབ་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ད་ལྟ་ནེའུ་ཡོཀ་མངའ་སྡེ་གཅིག་པུར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༡༦༨༨༧་ཡོད་པར་མ་ཟད། ཨ་རིའི་མངའ་སྡེ་༨་ཀྱི་སྤྱི་ཁྱབ་རྣམ་པས་རང་རང་གི་མངའ་ཁུལ་ཁག་གི་མི་གྲངས་དུང་ཕྱུར་གཅིག་ཡས་མས་ཤིག་རང་ཁྱིམ་དུ་འཛུལ་དགོས་ཞེས་བཀའ་རྒྱ་བསྒྲགས། གཟའ་མཇུག་དེ་ནས་ཁེ་ལི་ཧྥོར་ཎི་ཡ་དང་ཨི་ལི་ནོ་ཡེ་སི། ནེའུ་ཡོཀ་དང་ནེའུ་ཇར་སི་བཅས་ཀྱིས་རང་གི་མངའ་ཁུལ་གྱི་མི་དམངས་རྣམས་རང་ཁྱིམ་དུ་འཛུལ་དགོས་པའི་བཀའ་ཕབ། དེ་རིང་གཟའ་ཟླ་བ་ནས་ཨོ་ཧ་ཡེ་འོ་དང་ལུ་ཝི་སི་ཡ་ན། ཁེ་ན་ཊི་ཀེ་ཊི་བཅས་མངའ་སྡེ་གསུམ་གྱིས་ཀྱང་རང་གི་མི་དམངས་རྣམས་རང་ཁྱིམ་དུ་འཛུལ་དགོས་པའི་བཀའ་བསྒྲགས་འདུག

ནེའུ་ཡོག
ནེའུ་ཡོག

ཡུ་རོབ་རྒྱལ་ཁབ་ཨི་ཊི་ལར་དེ་རིང་གཟའ་ཟླ་བའི་བར་དུ་ཏོག་དབྱིབས་ནད་དུག་གིས་མི་༥༤༧༦་ལ་འཆི་སྐྱོན་དང་ནད་པ་༥༩༡༣༨་བྱུང་འདུག ཨི་ཊི་ལིའི་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་ཕྱེད་ཀ་ཙམ་དང་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་དེའི་གསུམ་ཆའི་གཉིས་རྒྱལ་ཁབ་དེའི་བྱང་ཕྱོགས་སུ་ཆགས་པའི་ལོམ་བྷར་ཌི་ས་ཁུལ་དུ་ཡོད་ཅིང་། དུས་ཚོད་འགྲོ་རིམ་བཞིན་དུ་ཨི་ཊི་ལིའི་མི་ལ་འཆི་སྐྱོན་དང་ནད་མནར་བྱུང་བའི་གྲངས་འབོར་འཕར་སྣོན་འགྲོ་བཞིན་ཡོད་པ་རེད། དེར་བརྟེན་ས་ཁུལ་དེའི་གཞུང་གིས་མི་མང་རྣམས་རང་ཁྱིམ་དུ་འཛུལ་དགོས་པའི་སྒྲིག་ཁྲིམས་སྔར་ལས་ཇེ་དམ་དུ་བཏང་བ་དང་མི་མང་ཁག་ཅིག་གིས་རིམས་ནད་ཀྱི་ཛ་དྲག་ལ་མི་འཛེམ་པར་ཕྱི་ལ་འབུད་ཀྱི་འདུག་ཅེས་སྡུག་སྐད་བརྒྱབ། ད་ནས་ཨི་ཊི་ལིའི་བྱང་ཕྱོགས་ཀྱི་ས་གནས་ཁག་གི་མི་མང་རྣམས་ཕྱི་ལ་ཐོན་ནས་རྩལ་སྦྱོང་ཡང་བྱེད་མི་ཆོག སྒོ་ཁྱི་ཁྲིད་ནས་འཆམ་འཆམ་ལ་འགྲོ་རྒྱུ་ཡང་ཚོད་འཛིན་དམ་པོ་བྱ་རྒྱུ་ཡིན། ཁ་སང་གཟའ་ཉི་མ་ནས་སྒོ་ཁྱི་རྣམས་སྤྱི་ཁྲུ་༦༥༠་ཐམ་པའི་ས་ཁྱོན་བརྒལ་ནས་འཆམ་འཆམ་ལ་ཁྲིད་མི་ཆོག བཀའ་སྡོམ་གྱི་སྒྲིག་ཁྲིམས་ཁག་ལ་འགལ་འཛོལ་བྱེད་མཁན་ཚོར་ཨ་སྒོར་༥༣༤༥་རེ་ཆད་པ་གཅོད་རྒྱུ་ཡིན་ཞེས་བསྒྲགས་འདུག ཨི་ཊི་ལིའི་སྨན་པ་དང་གཞུང་འབྲེལ་མི་སྣ་ཚོས་ཡུ་རོབ་རྒྱལ་ཁབ་ཁག་དང་ཨ་མི་རི་ཀ་སོགས་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་རྣམས་ཐབས་བརྒྱ་ཇུས་སྟོང་གིས་ཟུར་འགོག་བྱ་དགོས། ས་མཚམས་བཀག་ནས་མི་མང་གི་འགྲིམ་འགྲུལ་འགོག་སྡོམ་དང་མི་ཚོགས་འདུ་འཛོམས་འགོག་དགོས་ཀྱི་འདུག འདི་ནི་ཨི་ཊི་ལིའི་ཉམས་མྱོང་ཡིན། ང་ཚོས་ཐོག་མ་ནས་གཟབ་ནན་མ་བྱས་པའི་སྟབས་ཀྱིས་རིམས་ནད་ཁྱབ་གདལ་གྱི་མཇུག་འབྲས་ཚབས་ཆེན་ཞིག་མྱོང་བཞིན་ཡོད་ཅེས་རྒྱུས་སྟོན་བྱས་འདུག

སི་པེན་གཞུང་གིས་གཟའ་འཁོར་འདི་ནས་ཛ་དྲག་གི་སྒྲིག་ཁྲིམས་ལག་ལེན་བསྟར་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པ་སྟེ། ད་ལྟའི་བར་དུ་སི་པེན་རྒྱལ་ཡོངས་སུ་མི་༢༡༨༢་ལ་འཆི་སྐྱོན་དང་མི་༢༤༩༢༦་ལ་ནད་དུག་འགོས། སྲིད་བློན་སན་ཆེ་ཛིས་མི་མང་ལ་འགྲིམ་འགྲུལ་དང་མི་ཚོགས་འདུ་འཛོམས་བྱེད་མི་ཆོག་པའི་སྒྲིག་ཁྲིམས་ཕྱི་ཟླ་༤་པའི་ཚེས་༡༡་བར་དུ་ཕར་འགྱངས་བྱ་རྒྱུ་ཡིན། མི་མང་རྣམས་བཟའ་བཅའ་དང་སྨན། ཉིན་རེའི་འཚོ་བར་དགོས་ངེས་ཀྱི་ཉོ་ཆ་རྒྱག་ཏུ་མ་གཏོགས་ཕྱི་ལ་འབུད་མི་ཆོག སི་པེན་གཞུང་གིས་དགོ་ངེས་མིན་པའི་འགྲིམ་འགྲུལ་རྣམས་བཀག་སྟེ་དུས་ཡུན་ཟླ་བ་གཅིག་གི་རིང་དུ་རིམས་ནད་སྔོན་འགོག་གི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་བཤད། དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཨི་རན་ལ་ཏོག་དབྱིབས་རིམས་ནད་ཀྱིས་མི་༡༦༨༥་ལ་འཆི་སྐྱོན་དང་མི་༢༡༦༠༠་ལྷག་ལ་ནད་དུག་འགོས་ནས་དཀའ་ངལ་ཚབས་ཆེན་ཞིག་འཕྲད་ཀྱི་ཡོད་མོད། འོན་ཀྱང་ཨི་རན་གྱི་ཆེས་མཐོའི་འགོ་ཁྲིད་ཨ་ཡ་ཏོ་ལ་ཨ་ལི་ཧོ་མཱེ་ནིས་ང་ཚོར་ཏོག་དབྱིབས་རིམས་ནད་བཀག་སྡོམ་ལ་ཨ་མི་རི་ཀའི་རོགས་སྐྱོར་མི་དགོས། ད་ལྟ་འཛམ་གླིང་ཡོངས་སུ་ཁྱབ་བཞིན་པའི་ཏོག་དབྱིབས་རིམས་ནད་ཨ་མི་རི་ཀས་བཟོས་པ་ཞིག་རེད་ཅེས་སྐྱོན་འཛུགས་བྱེད་ཀྱི་འདུག ངས་སྐྱོན་འཛུགས་དེར་བདེན་ཁུངས་ཅི་ཙམ་ཡོད་མེད་བཤད་མི་ཤེསཨ་མི་རི་ཀར་སྐྱོན་འཛུགས་དེ་འདྲ་ཞིག་བྱེད་ཀྱི་ཡོད་པ་ཤེས་བཞིན་དུ་སྐྱེ་བོ་བསམ་བློ་རྣལ་་བབས་པའི་མི་ཞིག་ཡིན་ན་ཨ་མི་རི་ཀའི་སྨན་གྱི་རོགས་རམ་ལེན་མི་སྲིདགཅིག་བྱས་ན་ཨ་མི་རི་ཀའི་སྨན་དེ་ཚོས་ཏོག་དབྱིབས་རིམས་ནད་བགོ་ཁྱབ་གཏོང་སྲིད་པའི་ཉེན་ཁ་ཆེ་ཞེས་སྐྱོན་འཛུགས་བྱས་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨི་རན་གྱི་འཕྲོད་བསྟེན་ལས་སྣེ་ཚོས་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་སྣང་མེད་བཏང་སྟེ་ཁ་སྔོན་ཕྱི་ཟླ་གཉིས་པར་པེ་ཅིང་དང་ཐེ་རེན་བར་དུ་ཕར་ཚུར་གནམ་གྲུ་ཐེངས་༥༥་འཕུར་ནས་ཨི་རན་མི་མང་ས་ཡ་མང་པོར་ཏོག་དབྱིབས་ནད་དུག་བགོས་པ་རེད་ཅེས་སྐྱོན་བཙུགས། ད་ལྟ་འཛམ་གླིང་ཡོངས་སུ་ཏོག་དབྱིབས་རིམས་ནད་ཀྱིས་མི་༡༥༤༣༠་ལྷག་ལ་འཆི་སྐྱོན་དང་མི་༣༥༣༦༩༠་ལྷག་ལ་ནད་དུག་འགོས་ཡོད་པ་རེད

XS
SM
MD
LG