ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རིས་ཐོངས་མཆན་སྤྲོད་རྒྱུ་མཚམས་འཇོག


༄༅།། ཨ་མི་རི་ཀས་ཏོག་དབྱིབས་རིམས་ནད་སྔོན་འགོག་ཆེད་དུ་རྒྱལ་ཁབ་ཕལ་མོ་ཆེའི་སྤྱི་དམངས་རྣམས་ཨ་མི་རི་ཀར་ཡོང་ཆོག་པའི་ཐོངས་མཆན་སྤྲོད་རྒྱུ་རེ་ཞིག་མཚམས་འཇོག་བྱ་དགོས་ཞེས་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཐག་གཅོད་ཀྱི་གསལ་བསྒྲགས་ཤིག་སྤེལ་འདུག ཐོངས་མཆན་བཀག་སྡོམ་འདིའི་ཁོངས་སུ་ཨ་མི་རི་ཀར་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་དང་གཏན་སྡོད་གཞིས་ཆགས་སུ་ཡོང་མཁན་གཉིས་ཀ་ཚུད། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བཀོད་འདོམས་གསར་པ་མ་བཀྲམ་བར་དུ་ཐོངས་མཆན་བཀག་སྡོམ་གྱི་བཀོད་ཁྱབ་ལག་ལེན་བསྟར་དགོས། ཡིན་ནའང་ཛ་དྲག་དང་ལས་དོན་གལ་གནད་ཆེན་པོར་ཡིན་པའི་མི་ཚོར་ཐོངས་མཆན་མུ་མཐུད་དུ་སྤྲོད་ཆོག གཟའ་ལྷག་པ་ནས་ཐོངས་མཆན་དཀྱུས་མའི་རིགས་ལ་དུས་ཚོད་གཏན་འབེབས་བྱས་ཡོད་པ་རྣམས་ཕྱིར་འཐེན་བྱ་དགོས། ཐོངས་མཆན་ཞུ་བའི་རིན་འབབ་སྤྲད་ཟིན་པ་ཚོས་དུས་ཡུན་ལོ་གཅིག་གི་ནང་ཚུད་དུ་སླར་ཡང་ཐོངས་མཆན་ཞུ་རྒྱུའི་དུས་ཚོད་གཏན་འབེབས་བྱེད་ན་རིན་འབབ་ཐེངས་གསར་པ་སྤྲོད་མི་དགོས། ཕྱི་རྒྱལ་གྱི་འབྲེལ་ཡོད་རྒྱལ་ཁབ་ཁག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་དང་དོན་གཅོད་ལས་ཁང་ཁག་གིས་གང་མགྱོགས་ཐོངས་མཆན་སྤྲོད་པའི་ལས་དོན་བསྐྱར་དུ་འགོ་འཛུགས་ཐུབ་པའི་རེ་བ་ཡོད་ཅེས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་དང་དོན་གཅོད་ལས་ཁང་ཁག་ལ་བཀོད་ཁྱབ་ཅིག་བཏང་འདུག

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་འབྲེལ་ཡོད་ལས་སྣེ་ཚོས་ཐོངས་མཆན་སྤྲོད་རྒྱུ་མཚམས་འཇོག་གི་བཀོད་ཁྱབ་འདི་རྒྱལ་ཁབ་ཚང་མར་གཅིག་གྱུར་ཡིན། ཨ་མི་རི་ཀའི་འགྲིམ་འགྲུལ་བཀག་སྡོམ་གྱི་ཚད་གཞི་ཨང་གཉིས་པ་གསུམ་ནས་བཞི་པ་ཡས་མས་སུ་སླེབས་ཡོད་པས་ཛ་དྲག་ཆེན་པོ་དང་ཨ་རིའི་གཞུང་གིས་དོགས་ཟོན་ནན་པོ་བྱ་དགོས་པའི་ཚད་དེར་སླེབས་ཡོད། ཨ་མི་རི་ཀའི་སྤྱི་དམངས་རྣམས་འགྲིམ་འགྲུལ་བྱ་ཡུལ་གཙོ་བོ་ནི་ཡུ་རོབ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་དང་བྷར་ཛིལ། རྒྱ་གར་དང་ཧྥི་ལི་ཕིན་སོགས་ཡིན་རུང་ཨ་རིའི་གཞུང་གིས་རང་གི་སྤྱི་དམངས་རྣམས་རྒྱལ་ཁབ་དེ་དག་ལ་འགྲིམ་འགྲུལ་བྱ་རྒྱུ་འཛེམ་ཟོན་བྱ་དགོས་པའི་བཀོད་འདོམས་བྱས་ཡོད། གོང་གི་རྒྱལ་ཁབ་དེ་དག་གི་སྤྱི་དམངས་ཕོན་ཆེན་ཞིག་་མི་རི་ཀར་ཡོང་གི་ཡོད་པ་རྣམས་ཀྱངརེ་ཞིག་བཀག་འགོག་བྱས་ནས་་རིའི་གཞུང་ཚབ་ཁང་དང་དོན་གཅོད་ལས་ཁང་ཁག་གིས་ཐོངས་མཆན་སྤྲོད་རྒྱུ་མིན་ཞེས་བསྒྲགས། ༢༠༡༩་ལོར་ཨ་རིའི་གཞུང་གིས་ཕྱི་རྒྱལ་བ་༩༢༠༠༠༠༠་ལ་ཐོངས་མཆན་སྤྲད་ཀྱང་ལོ་འདིར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་ཡོད་པས་ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག རྒྱ་གར་དང་བལ་ཡུལ་སོགས་རྒྱལ་ཁབ་མང་དག་ཅིག་གིས་འགྲིམ་འགྲུལ་བཀག་སྟེ་ཐོངས་མཆན་སྤྲོད་ཀྱི་མེད་པས་འཛམ་གླིང་གི་འགྲིམ་འགྲུལ་དང་ཡུལ་སྐོར་སྤྲོ་འཆམ་གྱི་ལས་དོན་ལ་འགོག་རྐྱེན་ཚབས་ཆེན་ཞིག་འཕྲད་ཀྱི་ཡོད་པ་རེད།

རྒྱལ་སྤྱིའི་ཐོག་ཏུ་འགྲིམ་འགྲུལ་བཀག་སྡོམ་དང་ཡུལ་སྐོར་སྤྲོ་འཆམ་པ་འགག་ན་རྒྱལ་ཁབ་ཀུན་གྱི་དཔལ་འབྱོར་དང་ཚོང་ལས། བཟོ་ལས་དང་ཞིང་ལས་ཐོན་སྐྱེད་ཀྱི་ཚོང་ལསཕྱི་རྒྱལ་གྱི་སློབ་ཕྲུག་གི་ཡོང་འབབ་བཅས་ལ་གྱོང་གུད་ཆེན་པོ་ཐེབས་རྒྱུ་ཡིན་ཞིང་། དཔེར་ན་ཨ་རིའི་ནམ་ཟླར་གཞིགས་ནས་ཕྱི་རྒྱལ་གྱི་ངལ་རྩོལ་བ་རྣམས་གླ་སྲོལ་ཡོད་པ་འགག་སྲིད། ཨ་མི་རི་ཀའི་ཞིང་པ་ཚོས་ལོ་ལྟར་དཔྱིད་དུས་དང་སྟོན་དུས་བཅས་ནམ་ཟླར་གཞིགས་ནས་ཕྱི་རྒྱལ་གྱི་ངལ་རྩོལ་བ་༢༠༠༠༠༠་ལྷག་གླ་དགོས་ཐུག་ཀྱི་ཡོད་པ་དང་ཕྱི་རྒྱལ་གྱི་ངལ་རྩོལ་བས་ཨ་རིའི་ངལ་རྩོལ་བའི་མི་འབོར་བརྒྱ་ཆ་༡༠་ཟིན་ཡོད་པར་མ་ཟད། ཟླ་བ་འདིར་ཨ་རིའི་སློབ་ཆེན་ཁག་གིས་ཕྱི་རྒྱལ་གྱི་སློབ་ཕྲུག་ཅི་ཙམ་ལེན་རྒྱུ་ཡིན་མིན་ཐག་གཅོད་བྱེད་པའི་དུས་ཚོད་ཡིན་པར་བརྟེན། སློབ་ཕྲུག་མང་པོ་ཞིག་ཨ་རིའི་སློབ་ཆེན་ཁག་འགྲིམ་པར་ཐོངས་མཆན་མ་རག་པར་འགོག་རྐྱེན་འཕྲད་ཉེན་ཆེ། གལ་སྲིད་ཨ་རིའི་གཞུང་ཚབ་ཁང་དང་དོན་གཅོད་ལས་ཁང་ཁག་གིས་ཕྱི་ཟླ་༨་པའི་མཚམས་སུ་ཐོངས་མཆན་སྤྲོད་རྒྱུ་བསྐྱར་དུ་འགོ་འཛུགས་མ་ཐུབ་ཚེ། ༢༠༢༠་ལོར་ཕྱི་རྒྱལ་གྱི་སློབ་ཕྲུག་ས་ཡ་འགའ་ཞིག་ཨ་རིའི་སློབ་ཆེན་ཁག་ལ་ཞུགས་ཐུབ་རྒྱུ་མིན་པའི་ཉེན་ཁ་ཡོད་འདུག ཨ་རིའི་གཞུང་གིས་བཟའ་མི་ཟླ་སྒྲིལ་དང་དམིགས་བསལ་གྱི་སྨན་བཅོས་བྱེད་དུ་ཡོང་གི་ཡོད་པའི་ཕྱི་རྒྱལ་བ་སོགས་ལའང་ཐོངས་མཆན་སྤྲོད་རྒྱུ་ནར་འགྱངས་གཏོང་རྒྱུ་ཡིན་རུང་ཨ་རིའི་བཟོ་ཚོང་ལས་ཁང་ཁག་ལ་དགོས་ངེས་སུ་གྱུར་པའི་ལག་རྩལ་པ་དང་ཆེད་ལས་མཁས་པ་ཚོར་སྔར་བཞིན་ཐོངས་མཆན་སྤྲོད་འཆར་ཡོད་པ་རེད།

ཁ་སྔོན་གཟའ་ཉི་མར་ཨ་རིའི་གཞུང་གིས་འགྲིམ་འགྲུལ་བཀག་སྡོམ་གྱི་ཚད་གཞི་ཨང་གསུམ་པར་སྤར་ཏེ་ཨ་མི་རི་ཀ་བ་ཚོས་ཏོག་དབྱིབས་རིམས་ནད་ལ་འཛེམ་ཟོན་ནན་པོ་བྱ་དགོས། འགྲིམ་འགྲུལ་བྱ་འཆར་ཡོད་པའི་ཨ་མི་རི་ཀ་བ་ཚོས་རང་གི་འགྲུལ་བཞུད་ལ་བསྐྱར་དུ་བསམ་ཞིབ་བྱ་དགོས། རྒྱལ་སྤྱིའི་མཁའ་ལམ་ལས་ཁང་ཁག་གིས་གནམ་གྲུ་འཕུར་སྐྱོད་མཚམས་འཇོག་བྱེད་ཀྱི་འདུག འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བའི་ཉེན་ཚབས་ཆེ་རུ་སོང་འདུག ཨ་མི་རི་ཀའི་ཡུལ་སྐོར་སྤྲོ་འཆམ་པ་ཇི་སྙེད་ཅིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགགས་ནས་དཀའ་ངལ་ཆེན་པོ་ཞིག་ཕྲད་ཡོད་པ་ཤེས་གསལ་རེད་ཅེས་ལམ་སྟོན་བྱས་འདུག ཨ་རིའི་ས་ཐོག་ཏུ་གཏན་སྡོད་ལག་འཁྱེར་ལྗང་ཁུ་ཞུ་མཁན་དང་སྤྱི་དམངས་ཀྱི་ཐོབ་ཐང་ཞུ་མཁན་གྱི་འགེངས་ཤོག་ལ་དབྱེ་ཞིབ་བྱེད་པའི་རྒྱུད་རིམ་ལའང་འགོར་འགྱངས་འགྲོ་ཡིན་ཞིང་། ཨ་རིའི་གཞུང་གིས་ཕྱི་རྒྱལ་གྱི་སྐྱབས་བཅོལ་བ་ལེན་རྒྱུ་རེ་ཞིག་མཚམས་བཞག འདི་ནི་ཨ་མི་རི་ཀས་སྐྱབས་བཅོལ་བ་ལེན་མཚམས་བཞག་པ་ཁོ་ན་མིན་པར་རྒྱལ་སྤྱིའི་ཕྱི་མི་གཞིས་ཆགས་ཀྱི་སྒྲིག་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་བའི་ལྷན་ཁང་གཉིས་ཀྱིས་ཀྱང་གནས་སྐབས་རིང་སྐྱབས་བཅོལ་བ་རྣམས་འཛམ་གླིང་ཡུལ་གྲུ་ཁག་ལ་གཏོང་ལེན་བྱ་རྒྱུ་མཚམས་བཞག་འདུག ཨ་མི་རི་ཀའི་ཕྱི་མི་གཞིས་ཆགས་ལ་ངོ་རྒོལ་བྱེད་མཁན་ཚོས་ཐེངས་འདིའི་གོ་སྐབས་བཟུང་ནས་ཨ་རིའི་གཞུང་གིས་ཕྱི་རྒྱལ་གྱི་སྐྱབས་བཅོལ་བ་ལེན་རྒྱུ་དང་ཕྱི་མི་གཞིས་ཆགས་པ་ཚོར་ཐོངས་མཆན་སྤྲོད་རྒྱུ་གཏན་དུ་མཚམས་འཇོག་བྱ་དགོས། ཕྱི་མི་གཞིས་ཆགས་པ་དང་སྐྱབས་བཅོལ་བ་རྣམས་ནི་སྤྱི་དམངས་ཀྱི་བདེ་ཐང་ལ་ཉེན་ཁ་ཞིག་ཡིན་པ་དང་རྒྱལ་ཁབ་ཀྱི་རྡོག་ཁྲེས་ཤིག་རེད་ཅེས་རྩོད་པ་རྒྱག་རྒྱུ་ཤུགས་ཆེ་རུ་བཏང་འདུག

འདི་ཙམ་ན་ཕྱི་ཟླ་༣་པའི་ཚེས་༡༩་ཉིན་གྱི་སྔ་དྲོ་བར་དུ་ཨ་རིའི་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༩༠༠༠་ཡས་མས་ཡོད་པ་ཤིག་དང་ཉུང་མཐར་ཡང་མི་༡༤༩་ལ་འཆི་སྐྱོན་བྱུང་། ད་ལྟ་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་པའི་ནད་པ་ཐོག་མ་དེ་ངོས་ཟིན་ནས་ཟླ་བ་༢་ལྷག་འགྲོ་བཞིན་ཡོད་པས་འདས་པའི་ཟླ་བ་གཉིས་ཀྱི་རིང་ལ་ཨ་རིའི་མངའ་སྡེ་༥༠་ཐམ་པ་དང་མངའ་ཁོངས་ཚང་མར་ཏོག་དབྱིབས་རིམས་ནད་ཁྱབ་ཟིན་ཡོད་ཅིང་། སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་རྦད་དེ་འཇོམས་པར་དུས་ཡུན་ལོ་གཅིག་དང་ཕྱེད་ཀའམ། ཡང་ན་དེ་ལས་དུས་ཡུན་རིང་བ་ཞིག་འགོར་སྲིད་པའི་གྲ་སྒྲིག་སྡུག་ས་ནས་བྱེད་ཀྱི་ཡོད་པ་སྟེ། ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་གིས་དམག་གི་སྨན་ཁང་དང་ཡོ་བྱད་སོགས་བགོ་འགྲེམ་བྱེད་ཆོག ས་གནས་སྨན་ཁང་ཁག་གིས་ནད་པར་སྨན་བཅོས་བྱས་ནས་གླགས་མ་ཁེལ་ན་ཨ་རིའི་བཟོ་འགོད་དཔུང་སྡེས་འཕྲལ་དུ་སྨན་ཁང་འཛུགས་སྐྲུན་གྱི་རྒྱབ་སྐྱོར་བྱེད་ཆོག་ཅེས་བསྒྲགས། ད་དུང་ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གཉིས་ཀས་ལས་ཀར་བསྐྱོད་མ་ཐུབ་པ་དང་འཚོ་བའི་དཀའ་ངལ་འཕྲད་བཞིན་པའི་མི་དམངས་ལ་དངུལ་སྒོར་རོགས་རམ་སྤྲོད་རྒྱུ། ཨ་རིའི་མཁའ་ལམ་ལས་ཁུངས་ཁག་དང་སྤྲོ་འཆམ་གྲུ་གཟིངས་ཁག ཨ་མི་རི་ཀའི་ཚོང་ལས་ཆུང་ཁག་བཅས་ལ་དམག་འཁྲུག་གི་དུས་སྐབས་ལྟར་རྒྱབ་སྐྱོར་དང་ལྟ་རྟོག་བྱ་དགོས་ཞེས་གླེང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་ང་ཚོས་རིམས་ནད་ཉེན་ཚབས་ཅན་ཞིག་ལ་འཐབ་རྒོལ་བྱེད་བཞིན་ཡོད། འདི་ནི་དམག་འཁྲུག་གི་དུས་སྐབས་ཤིག་དང་འདྲ་མཚུངས་རེད་ཅེས་གསར་འགོད་ལྷན་ཚོགས་ཐོག་ཏུ་གཏམ་བཤད་བྱས་འདུག

XS
SM
MD
LG