ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༡/༡༤

ཨ་རིའི་དམག་གྲུའི་སྨན་ཁང་དང་བརྟག་དཔྱད་ཁང་རྣམས་གྲ་སྒྲིག


༅།། ཨ་མི་རི་ཀའི་མངའ་སྡེ་༥༠་ཐམ་པ་དང་རྒྱལ་ས་ཝ་ཤིང་ཊོན། ཕཱོར་དྷོ་རི་ཀོ་དང་དེ་མིན་གྱི་མངའ་ཁུལ་ཁག་ལ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་ཉུང་མཐར་ཡང་མི་༡༡༤་ལ་འཆི་སྐྱོན་དང་མི་༦༤༩༦་ལ་ནག་དུག་འགོས་ཡོད་པའི་སྐབས་འདིར་ཨ་མི་རི་ཀའི་དམག་གྲུའི་སྨན་ཁང་གཉིས་དང་ཨ་རིའི་དམག་གི་བརྟག་དཔྱད་ཁང་རྣམས་གྲ་སྒྲིག་བྱས་ནས་ཏོག་དབྱིབས་རིམས་ནད་སྔོན་འགོག་ལ་གྲ་སྒྲིག་བྱ་དགོས། ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་ནད་རིགས་བརྟག་དཔྱད་འཕྲུལ་ཆས་རྣམས་མི་དམངས་ལ་བརྟག་དཔྱད་བྱེད་པར་མངའ་སྡེ་ཁག་སོ་སོར་བགོ་འགྲེམ་བྱ་རྒྱུ་ཡིན། ཏོག་དབྱིབས་རིམས་ནད་ཀྱི་ནད་པ་མང་དྲགས་པའི་ས་གནས་ཁག་ལ་ཨ་རིའི་དམག་གྲུའི་སྨན་ཁང་བཏང་ནས་མི་དམངས་ལ་སྨན་བཅོས་རོགས་རམ་བྱ་འཆར་ཡོད་ཁྱབ་བསྒྲགས་བྱས་ཤིང་། རྒྱལ་སྲུང་དྲུང་ཆེ་ཨེ་སི་པར་གྱིས་ཨ་རིའི་དམག་གིས་མི་དམངས་ལ་དབུགས་འབྱིན་གདོང་འབག་ས་ཡ་༥་དང་འགོས་ནད་ཀྱི་མདུན་སར་ལངས་ནས་འཐབ་རྒོལ་བྱེད་མཁན་འཕྲོད་བསྟེན་ལས་སྣེ་ཚོའི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་ཡོ་བྱད་དང་གྱོན་གོས། དམིགས་བསལ་གྱི་དབུགས་གཏོང་འཕྲུལ་ཆས་༢༠༠༠་ལྷག་མཁོ་སྤྲོད་བྱེད་ཆོག ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་བརྟག་དཔྱད་ཁང་༡༦་གི་ནང་དུ་མི་དམངས་ལ་བརྟག་དཔྱད་བྱེད་དུ་འཇུག་རྒྱུ་ཡིན། ད་དུང་མངའ་སྡེ་ཁག་གི་དགོས་མཁོ་ལ་གཞིགས་ནས་ཟུར་འཇོག་ཡུལ་སྲུང་དམག་ལ་སྐུལ་སློང་གིས་རོགས་སྐྱོར་བྱེད་དུ་འཇུག་ཆོག ཨ་རིའི་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཅི་ཙམ་འབྱུང་རྒྱུ་ཡིན་མིན་ཚོད་དཔག་བྱས་པ་ལྟར་ན། དམིགས་བསལ་གྱི་དབུགས་གཏོང་འཕྲུལ་ཆས་༢༠༠༠་ཐམ་པ་གྲངས་ཀ་མང་པོ་ཞིག་མ་རེད། འོན་ཀྱང་འདི་མ་གཏོགས་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་མཁོ་སྤྲོད་བྱེད་ཐུབ་ས་མ་རེད་ཅེས་བཤད་འདུག ཨ་རིའི་ས་གནས་ཁག་གི་སྨན་ཁང་དེ་ཚོར་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་མང་དྲགས་ཏེ་གླགས་མ་ཁེལ་ན་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་དམག་གི་བདེ་ཐོབ་དང་སྙིང་རྗེ་དམག་གྲུའི་སྨན་ཁང་གཉིས་དགོས་མཁོ་ཡོད་པའི་ས་གནས་ཁག་ལ་བཏང་ནས་མི་དམངས་ལ་སྨན་བཅོས་ཀྱི་རོགས་རམ་བྱ་དགོས་པའི་བཀོད་འདོམས་བཏང་ཡོད། འོན་ཀྱང་ད་སྔ་ཨ་རིའི་རྒྱལ་སྲུང་ལྷན་ཁང་ལ་དམག་གྲུའི་སྨན་ཁང་ཁག་བཏང་ནས་རོགས་སྐྱོར་བྱ་དགོས་ཞེས་དངོས་སུ་རེ་བ་བཏོན་ནས་སྙན་ཞུ་འབྱོར་མ་སོང་ཞེས་རྒྱལ་སྲུང་དྲུང་ཆེས་གསར་འགོད་པ་ཚོར་བཤད། ཉེ་དུས་ཤིག་ནས་ཨ་རིའི་དབུས་གཞུང་དང་མངའ་སྡེ་ཁག གྲོང་ཁྱེར་ཁག་དང་ས་གནས་ཁག་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཚབས་ཆེན་ཞིག་སོང་ནས་མི་དམངས་ལ་སྨན་བཅོས་བྱེད་མི་ཐུབ་པའི་མཚམས་སུ་ལྷུང་རྒྱུའི་འཇིགས་སྣང་ཆེན་པོ་ཞིག་ཡོང་གི་ཡོད་ཅིང་། ལྷག་པར་དུ་མི་འབོར་ས་ཡ་༡༩་ཙམ་ཡོད་པའི་ཨ་རིའི་ནེའུ་ཡོཀ་མངའ་སྡེ་དང་མི་འབོར་ས་ཡ་༧་དང་འབུམ་༨་ལྷག་ཡོད་པའི་ཨ་རིའི་ནུབ་ཕྱོགས་སུ་ཆགས་པའི་ཝ་ཤིང་ཊོན་མངའ་སྡེ་སོགས་ཀྱིས་རང་གི་ས་གནས་སྨན་ཁང་ཁག་གིས་ཏོག་དབྱིབས་རིམས་ནད་ཀྱི་ནད་པར་སྨན་བཅོས་བྱེད་མ་ཐུབ་པར་ཆག་སྒོ་ཆེན་པོ་ཞིག་འབྱུང་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པས་ཨ་རིའི་དབུས་འཕྲོད་བསྟེན་ལྷན་ཁང་དང་རྒྱལ་སྲུང་ལྷན་ཁང་གིས་དམག་གྲུའི་སྨན་ཁང་གཉིས་གཏོང་རྒྱུའི་ཐག་བཅད། ནེའུ་ཡོཀ་དང་ཝ་ཤིང་ཊོན་མངའ་སྡེ་གཉིས་སུ་ཁྱོན་བསྡོམས་ཏོག་དབྱིབས་རིམས་ནད་ཀྱིས་མི་༥༠་ལ་འཆི་སྐྱོན་དང་ནད་པ་༢༨༠༠་ལྷག་ཐོན། ཨ་རིའི་དམག་གྲུའི་སྨན་ཁང་གཅིག་གི་ནང་དུ་མི་༡༠༠༠་ལ་སྨན་བཅོས་བྱེད་ཐུབ་པའི་ཆ་རྐྱེན་ཡོད་ཀྱང་ཨ་རིའི་དམག་གི་སྨན་པ་རྣམས་ཏོག་དབྱིབས་རིམས་ནད་ལ་སྨན་བཅོས་བྱེད་དུ་གཏོང་གི་མེད་པ་རེད། ཨ་རིའི་བདེ་ཐོབ་དམག་གྲུའི་སྨན་ཁང་ནི་ཝྭིར་ཇཱི་ཎི་ཡའི་མཚོ་ཁར་འགྲེམ་འཇོག་བྱེད་ཡོད་པ་དང་སྙིང་རྗེ་དམག་གྲུའི་སྨན་ཁང་ནི་ཁེ་ལི་ཧྥོར་ཎི་ཡ་མངའ་སྡེའི་སན་ཌི་ཡེ་གྷོ་གྲོང་ཁྱེར་གྱི་མཚོ་ཁར་འགྲེམ་འཇོག་བྱས་འདུག དམག་གྲུའི་སྨན་ཁང་དེ་རྣམས་དགོས་ངེས་ཀྱི་ས་གནས་ཁག་ཏུ་འབྱོར་བར་ཉི་མ་༡་ནས་ཉི་མ་༣་ཡས་མས་རེ་འགོར་གྱི་ཡོད་པ་རེད། ཨ་རིའི་བཟོ་འགོད་དམག་སྡེར་ཛ་དྲག་གི་སྨན་ཁང་འཛུགས་སྐྲུན་དང་སྨན་བཅོས་ཀྱི་ལག་རྩལ་ལྡན་པས་སྲིད་འཛིན་ཌོ་ནལ་ཊམ་དང་གྲོས་ཚོགས་ཀྱི་འགོ་ཁྲིད་ཚོས་དགོས་ངེས་བྱུང་ན་ཨ་རིའི་དམག་གི་བཟོ་འགོད་དཔུང་སྡེར་སྨན་ཁང་འཛུགས་སྐྲུན་གྱི་རོགས་སྐྱོར་བྱེད་དུ་འཇུག་དགོས་ཞེས་བཀའ་ཕབ། ཨ་རིའི་དམག་ཞབས་ཟུར་པའི་ལས་དོན་ལྷན་ཁང་གིས་ཀྱང་སྨན་ཁང་༡༧༠་དང་སྒོ་བསྟེན་སྨན་ཁང་གི་ལྟེ་གནས་༡༠༠༠་ཡས་མས་ཤིག་མཐུན་རྐྱེན་སྦྱོར་ཆོག་ཅེས་ཁས་བླངས། ད་ལྟ་ཨ་མི་ར་ཀའི་མངའ་སྡེ་༢༢་ལ་རྒྱལ་ཡོངས་ཡུལ་སྲུང་དམག་དང་གནམ་དམག སྐམ་དམག་བཅས་ཀྱི་རོགས་སྐྱོར་དམག་མི་༡༥༠༠་ལྷག་བཏང་ནས་ཏོག་དབྱིབས་རིམས་ནད་ལ་འགོག་རྒོལ་བྱེད་དུ་འཇུག་གི་ཡོད་པར་མ་ཟད། ཨ་རིའི་དམག་སྡེ་ཁག་ལ་ཏོག་དབྱིབས་རིམས་ནད་ཁྱབ་ཀྱི་ཡོད་པར་སྔོན་འགོག་བྱེད་ཕྱོགས་ཀྱང་ཤུགས་ཆེ་རུ་བཏང་ཡོད་པ་སྟེ། ཨ་རིའི་མཚོ་དམག་གི་གྲས་སུ་མི་གཅིག་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་ཤེས་རྟོགས་བྱུང་བས་དམག་གྲུའི་ཁང་མིག་ཆུང་ཆུང་དེ་དག་གི་ནང་དུ་མི་ལ་ཏོག་དབྱིབས་ནད་དུག་མགྱོགས་མྱུར་གྱིས་འགོ་སྲིད་པའི་ཉེན་ཁ་ཆེ་རུ་ཕྱིན་འདུག དེར་བརྟེན་ཨ་རིའི་སན་ཌི་ཡེ་གྷོ་དང་ཝ་ཤིང་ཊོན་མངའ་སྡེར་འགྲེམ་འཇོག་བྱེད་ཡོད་པའི་མཚོ་དམག་གི་གྲས་ཀྱི་མི་གཉིས་རང་ཁྱིམ་དུ་ལོགས་སུ་བཀག་ནས་བརྟག་དཔྱད་བྱེད་ཀྱི་ཡོད་པ་དང་། ད་དུང་ཟླ་བ་འདིའི་མགོ་སྟོད་ལ་ཨ་རིའི་མཚོ་དམག་གི་ལས་བྱེད་པ་ཞིག་ཝྭིར་ཇཱི་ཎི་ཡའི་ནོར་ཧྥོཀ་མཚོ་འགྲམ་ནས་ཡུ་རོབ་རྒྱལ་ཁབ་འཇར་མན་ཎིར་བསྐྱོད་དེ་ཕྱིར་ལོག་བྱས་དུས་ཏོག་དབྱིབས་ནད་དུག་འགོས་འདུག ད་སྔ་ཨ་མི་རི་ཀའི་དམག་གི་ཁོངས་སུ་ཏོག་དབྱིབས་རིམས་ནད་འགོས་པའི་མི་༣༧་ཐོན་འདུག་ཅེས་བསྒྲགས། ཏོག་དབྱིབས་རིམས་ནད་སྔོན་འགོག་ཆེད་དུ་ཨ་རི་དང་ཁེ་ན་ཌ་གཞུང་གིས་གྲོས་སྡུར་བྱས་ནས་སྐབས་ཤིག་གི་རིང་ལ་ཕྱོགས་གཉིས་ཀྱི་ས་མཚམས་སྒོ་བརྒྱབ་སྟེ་འགྲིམ་འགྲུལ་འགོག་རྒྱུ་ཡིན་རུང་ཨ་རི་དང་ཁེ་ན་ཌའི་ཚོང་ལས་ལ་འགོག་རྐྱེན་མེད་ཅེས་ཐག་བཅད། ཡུ་རོབ་རྒྱལ་ཁབ་ཨི་ཊི་ལིར་ཁ་སང་གཟའ་མིག་བར་དུ་ཏོག་དབྱིབས་རིམས་ནད་ཀྱིས་མི་༢༥༠༣་ལ་འཆི་སྐྱོན་དང་མི་༣༡༥༠༦་ལ་ནད་དུག་འགོས། འདི་ནི་རྒྱ་ནག་གི་འཕྲོ་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་གྲས་སུ་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་དང་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་ཆེས་མང་ཤོས་སུ་གྱུར། ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་རང་གི་ཁོངས་གཏོགས་རྒྱལ་ཁབ་ཁག་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་འགོག་ཐབས་སུ་དུས་ཡུན་ཟླ་བ་གཅིག་ལ་ཕྱི་རྒྱལ་བ་ཚོར་འགྲིམ་འགྲུལ་བཀག་པ་དང་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་སུ་གཏོགས་པའི་རྒྱལ་ཁབ་ཁག་གི་ནང་ཁུལ་དུའང་ཕར་ཚུར་དགོངས་ངེས་མིན་པའི་འགྲོ་འོང་བྱ་རྒྱུ་མཚམས་འཇོག་དགོས་པའི་ཁྲིམས་ཤིག་གཏན་ཕབ། ཡུ་རོབ་མཉམ་འབྲེལ་ཁོངས་ཀྱི་རྒྱལ་ཁབ་༡༢་ཀྱིས་ས་མཚམས་སུ་ཉེན་རྟོག་པ་བཀྲམ་ནས་འགྲིམ་འགྲུལ་བཀག དེས་ན་རོ་མ་ཎི་ཡ་དང་བྷལ་གྷེ་རི་ཡའི་སྤྱི་དམངས་ཁག་ཅིག་ཨོ་སི་ཊི་རི་ཡ་ནས་ཧང་གྷ་རི་བརྒྱུད་དེ་རང་ཡུལ་དུ་ལོག་ཐབས་བྱས་ཀྱང་ཧང་གྷ་རིའི་གཞུང་གིས་ས་མཚམས་བཀག་སྟེ་རྒྱལ་ཁབ་དེའི་མངའ་ཁོངས་སུ་འཛུལ་ཞུགས་བྱེད་དུ་བཅུག་མེད་ཅིང་། ཡུ་རོབ་རྒྱལ་ཁབ་ཧྥ་རན་སི་དང་སི་པེན། སུད་སི་སོགས་རྒྱལ་ཁབ་མང་དག་ཅིག་གིས་མི་མང་འདུ་འཛོམས་བཀག་པ་དང་ཟ་ཁང་ཁག་སྒོ་བརྒྱབ། སློབ་གྲྭ་སོགས་ཚོགས་མཚམས་བཞག་ནས་ཏོག་དབྱིབས་རིམས་ནད་སྔོན་འགོག་ལ་འབད། ཧྥ་རན་སི་དང་སི་པེན་གཉིས་ཀྱིས་དམག་དང་ཉེན་རྟོག་པ་སྟོང་ཕྲག་མང་པོ་བཀྲམ་ནས་འགྲིམ་འགྲུལ་འགོག་གི་ཡོད་པ་རེད། ཕྱི་ཟླ་༣་པའི་ཚེས་༡༧་ཀྱི་མཚན་གུང་བར་དུ་ཨི་རན་ལ་ཏོག་དབྱིབས་རིམས་ནད་ཀྱིས་༩༨༨་ལ་འཆི་སྐྱོན་དང་མི་༡༦༠༠༠་ལྷག་ལ་ནད་དུག་འགོས་འདུག་ཅེས་བསྒྲགས། ཡིན་ནའང་ཉམས་ཞིབ་པ་ཚོས་ཨི་རན་ལ་འཆི་སྐྱོན་དང་ནད་མནར་གྱི་མི་གྲངས་གཉིས་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལས་ཀྱང་མང་བ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་སྟེ། ནུབ་ཕྱོགས་ཀྱི་ཞིབ་འཇུག་ལས་ཁང་ཁག་གིས་འཁོར་སྐར་བཏང་སྟེ་བར་སྣང་ཁམས་ནས་འདྲ་པར་བླངས་པ་དེར་བལྟས་ཚེ། ཨི་རན་གྱི་ས་གནས་ཁག་ཏུ་དུར་ས་གསར་དུ་བརྐོས་ནས་མི་སྟོང་ཕྲག་མང་པོ་ཤི་བའི་ཕུང་པོ་སྦས་ཡོད་པ་རྣམས་འདྲ་པར་ནང་དུ་གསལ་འདུག དབྱིན་ཇི་སོགས་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་ཡོད་པའི་ཨི་རན་གྱི་ཚོགས་སྡེ་ཁག་གིས་ཀྱང་ནད་པ་སྟོང་ཕྲག་མང་པོར་སྨན་བཅོས་བྱེད་མ་ཐུབ་པར་ཨི་རན་གྱི་ས་གནས་ཁག་ཏུ་འཆི་སྐྱོན་འབྱུང་གི་འདུག་ཅེས་བཤད། འདི་དང་དུས་མཚུངས་སུ་དེ་རིང་གཟའ་ལྷག་པའི་བར་དུ་པ་ཀི་སི་ཐན་ལ་ཏོག་དབྱིབས་ནད་དུག་འགོས་པའི་མི་༢༤༣་ཡོད་པ་དང་ཟླ་བ་སྔོན་མ་ནས་པ་ཀི་སི་ཐན་གཞུང་གིས་མི་༤༦༠༠་ལྷག་ཟུར་འགོག་བྱས་འདུག རྒྱ་གར་ལ་ཏོག་དབྱིབས་ནད་དུག་འགོས་པའི་མི་༡༤༧་ཡོད་པ་དང་སིངྒ་ལར་མི་༤༤། ཨབ་གྷ་ཎི་སི་ཐན་ལ་མི་༢༢་བཅས་ཡོད་པས་ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་གིས་ཀྱང་ཨི་རན་གྱི་ས་མཚམས་སུ་ཏོག་དབྱིབས་རིམས་ནད་སྔོག་འགོག་བྱ་རྒྱུ་མགོ་བརྩམས། ཐོག་མར་ན་ནིང་ཕྱི་ཟླ་༡༢་པའི་ནང་དུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་ནི་ད་ལྟ་འཛམ་གླིང་རྒྱལ་ཁབ་༡༡༤་ལ་ཁྱབ་སྟེ་མི་༢༠༦༨༤༥་ལ་ནད་དུག་འགོས་པ་དང་མི་༨༢༧༢་ལ་འཆི་སྐྱོན་བྱུང་འདུག

XS
SM
MD
LG