ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་ལ་ཕྱི་ལོགས་ཀྱི་ཏོག་དབྱིབས་རིམས་ནད་ཁྱབ་འགོ་ཚུགས།


༄༅།། ཕྱི་ཟླ་༣་པའི་ཚེས་༢༠་ཉིན་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཁ་སང་གཟའ་ཕུར་བུ་དང་དེ་རིང་གཟའ་པ་སངས་གཉིས་ལ་རྒྱ་ནག་རང་གི་ས་ཐོག་ཏུ་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་གསར་པ་གཅིག་ཀྱང་ཐོན་མེད། འོན་ཀྱང་རྒྱ་ནག་ལ་འབྱོར་བའི་ཕྱི་རྒྱལ་བ་དང་ཕྱི་རྒྱལ་ལ་སྤྲོ་འཆམ་དུ་བསྐྱོད་པའི་རྒྱ་ནག་གི་སྤྱི་དམངས་རྣམས་རང་ཡུལ་ལ་ཕྱིར་ལོག་བྱས་ནས་རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་མི་༣༩་ཐོན་སོང་། ཕྱི་ལོགས་ནས་རྒྱ་ནག་ལ་འགོས་ཁྱབ་བྱུང་བའི་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་༡༤་ཀོང་ཏུང་ཞིང་ཆེན་དུ་ཡོད་པ་དང་མི་༨་ཧྲང་ཧེ་གྲོང་ཁྱེར་དུ་བྱུང་ཡོད། མི་༦་པེ་ཅིང་དུ་འདུག་ཅེས་གསར་འགོད་པ་ཚོར་བསྒྲགས། རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་ཧྲང་ཧེ། ཀོང་ཏུང་དང་ཧྲེན་ཀྲེན་སོགས་ནི་སྐྱེལ་འདྲེན་དང་འགྲིམ་འགྲུལ་གྱི་འགག་སྒོ་གཙོ་གྲས་རྣམས་ཡིན་པས་ས་གནས་དེ་དག་བརྒྱུད་ནས་རྒྱ་ནག་ལ་ཕྱི་ལོགས་ཀྱི་ཏོག་དབྱིབས་རིམས་ནད་ནང་ཁྱབ་འབྱུང་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། གོང་དུ་བགྲངས་པའི་རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་དེ་དག་གཅིག་པུར་མིན་པར་ཐེན་ཅིན་དང་ལེའོ་ནིང་། ཧེ་ལུང་ཅང་དང་ཧྲན་ཏུང་། ཀན་སུའུ་དང་ཀྲེ་ཅང་། ཧྥུ་ཅན་དང་ཀོང་ཤཱི། སི་ཁྲོན་བཅས་ལའང་ཕྱི་ལོགས་ཀྱི་ཏོག་དབྱིབས་རིམས་ནད་ནང་ཁྱབ་འབྱུང་གི་ཡོད་པའི་གནས་ཚུལ་ཐོན།

རྒྱ་ནག་གཞུང་གིས་ཕྱོགས་བསྡོམས་བྱས་པའི་གྲངས་ཐོ་ལྟར་ན། ཁ་སང་གཟའ་ཕུར་བུའི་བར་དུ་རྒྱ་ནག་ལ་ཕྱི་ལོགས་ཀྱི་ཏོག་དབྱིབས་རིམས་ནད་དར་ཁྱབ་བྱུང་སྟེ་མི་ལ་ནད་དུག་འགོས་ཡོད་པའི་ནད་པ་༢༢༨་བྱུང་འདུག ད་ལྟ་པེ་ཅིང་གི་དབང་འཛིན་པ་ཚོས་ཕྱི་ལོགས་ཀྱི་ནད་ཡམས་ནང་ཁྱབ་བྱུང་སྟེ་རྒྱ་ནག་ལ་སླར་ཡང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་རྦ་རླབས་གསར་པ་ཞིག་འཕྱུར་སྲིད་པའི་འཇིགས་སྣང་བྱེད་ཀྱི་ཡོད་པ་སྟེ། རྒྱ་ནག་གཞུང་གིས་པེ་ཅིང་དང་ཧྲང་ཧེ། ཀོང་ཏུང་དང་ཧྲེན་ཀྲེན་སོགས་ཀྱི་འགག་སྒོ་ཁག་ཏུ་མི་ལ་ནད་རྟགས་ཡོད་མེད་བརྟག་དཔྱད་དང་དུག་སེལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་འདུག སྲིད་འཛིན་ཞིས་ཅིན་ཕིང་གིས་རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་བསྐྱར་ལོག་རྒྱག་ཏུ་འཇུག་མི་ཉན། ལྷག་པར་དུ་རྒྱ་ནག་གི་ས་གནས་རིམ་པར་ཕྱི་ལོགས་ཀྱི་ནད་ཡམས་ནང་ཁྱབ་བྱུང་སྟེ་ཏོག་དབྱིབས་རིམས་ནད་བསྐྱར་ལོག་རྒྱག་སྲིད་པའི་ཉེན་ཁ་ཡོད་པ་འགོག་ཐབས་བྱ་དགོས་ཞེས་བཀའ་བཏང་འདུག ན་ནིང་ཕྱི་ཟླ་༡༢་པའི་ནང་དུ་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་རིམས་ནད་འདི་ཁྱབ་གདལ་ཕྱིན་ནས་བཟུང་། ད་ལྟའི་བར་དུ་རྒྱ་ནག་གཅིག་པུར་མི་༨༠༩༦༧་ལ་ནད་དུག་འགོས་པ་དང་མི་༣༢༤༨་ལ་འཆི་སྐྱོན་བྱུང་འདུག དེ་ནས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཐོན་པའི་ཏོག་དབྱིབས་རིམས་ནད་འཛམ་གླིང་ཡོངས་ལ་ཁྱབ་སྟེ་ཡུ་རོབ་རྒྱལ་ཁབ་ཨི་ཊི་ལི་ཁོ་ནར་དེ་རིང་ཕྱི་ཟླ་༣་པའི་ཚེས་༢༠་བར་དུ་མི་༣༤༠༥་ལ་འཆི་སྐྱོན་དང་མི་༤༡༠༣༥་ལ་ནད་དུག་ཕོག ད་སྔ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་གྱིས་ཞིབ་འཇུག་བྱས་པའི་གྲངས་ཐོ་ལྟར་ན། རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་ཀྱིས་མི་༣༢༤༢་ལས་ཤི་མེད་ཀྱང་ཨི་ཊི་ལིར་ཏོག་དབྱིབས་རིམས་ནད་ཀྱིས་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་ནི་རྒྱ་ནག་ལས་ཀྱང་མང་བ་བྱུང་འདུག ཡིན་ནའང་ཨི་ཊི་ལིར་ད་དུང་ཡང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་ངར་ཤུགས་ཆག་གི་མེད་པས་རྒྱལ་ཁབ་དེའི་སྨན་པ་ཚོས་ཡུ་རོབ་རྒྱལ་ཁབ་ཁག་དང་ཨ་རི་སོགས་ལ་ཏོག་དབྱིབས་རིམས་ནད་འདིར་སྣང་ཆུང་གཏོང་མི་ཉན་པ་དང་འཕྲལ་དུ་མི་དམངས་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་ནས་ནད་པ་ཟུར་འགོག་བྱ་རྒྱུ་གནད་འགག་ཆེན་པོ་རེད་ཅེས་ཉམས་མྱོང་རྒྱུས་སྟོན་བྱེད་བཞིན་འདུག དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཨི་རན་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། རྒྱལ་ཁབ་དེར་ཏོག་དབྱིབས་རིམས་ནད་ཀྱིས་མི་༡༤༣༣་ལ་འཆི་སྐྱོན་དང་མི་༢༠༠༠༠་ཡས་མས་ཤིག་ལ་ནད་དུག་འགོས་འདུག ཨ་མི་རི་ཀས་ཨི་རན་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱེད་ཡོད་པ་ཤུགས་ཆེ་རུ་གཏོང་གི་ཡོད་པར་བརྟེན། ཨི་རན་ལ་འཛམ་གླིང་རྒྱལ་ཁབ་གཞན་དང་མ་འདྲ་བར་སྨན་དང་རིམས་ནད་སྔོན་འགོག་གི་འཕྲུལ་ཆས་སོགས་ནང་འདྲེན་བྱེད་མ་ཐུབ་པར་དཀའ་ངལ་སྣོན་མ་ཞིག་འཕྲད་ཀྱི་ཡོད་པ་རེད། སི་པེན་ལ་ཕྱི་ཟླ་༣་པའི་ཚེས་༢༠་བར་དུ་ཏོག་དབྱིབས་རིམས་ནད་ཀྱིས་མི་༡༠༠༢་ལ་འཆི་སྐྱོན་དང་མི་༡༧༡༤༧་ལ་ནད་དུག་འགོས་འདུག་ཅེས་བསྒྲགས། ཧྥ་རན་སི་གཞུང་གིས་ཀྱང་ད་ལྟའི་བར་དུ་ཏོག་དབྱིབས་རིམས་ནད་ཀྱིས་མི་༣༧༢་ལ་འཆི་སྐྱོན་བྱུང་སོང་། མི་༡༠༩༩༥་ལ་ནད་དུག་འགོས་འདུག་ཅེས་བསྒྲགས། བདུན་ཕྲག་སྔོན་མ་ནས་ཧྥ་རན་སི་དང་སི་པེན་གཉིས་ཀས་ཟ་ཁང་དང་འགྲེམ་སྟོན་ཁང་། མི་ཚོགས་འཛོམས་ས་རྣམས་སྒོ་བརྒྱབ་སྟེ་མི་མང་རྣམས་རང་ཁྱིམ་དུ་འཛུལ་དགོས། འགྲིམ་འགྲུལ་བཀག་སྡོམ་གྱི་ཁྲིམས་ལ་འགལ་འཛོལ་བྱེད་མཁན་ཚོར་ཁྲིམས་གཅོད་བྱ་རྒྱུ་ཡིན་ཞེས་ཁྲིམས་ཤིག་ལག་ལེན་བསྟར། ད་ལྟ་ཧྥ་རན་སི་དང་པེ་པེན་གཉིས་ཀས་རྒྱལ་ཡོངས་ལ་དམག་དང་ཉེན་རྟོག་པ་བཀྲམ་ནས་འགྲིམ་འགྲུལ་དང་མི་ཚོགས་འདུ་འཛོམས་སོགས་འགོག་གི་ཡོད་ཀྱང་རྒྱལ་ཁབ་དེ་དག་ལ་དུས་ཚོད་འགྲོ་རིམ་བཞིན་དུ་རིམས་ནད་ཀྱིས་མི་ལ་འཆི་སྐྱོན་འབྱུང་གི་དང་ནད་མནར་གྱི་གྲངས་འབོར་གཉིས་འཕར་གྱི་ཡོད་པ་སྟེ། དེ་རིང་གཟའ་པ་སངས་ཉིན་ཧྥ་རན་སིའི་སྲིད་འཛིན་གྱིས་ང་ཚོར་ཛ་དྲག་གི་དཀའ་ངལ་འདི་མགོ་བརྩམས་མ་ཐག་ཡིན། ང་ཚོས་དུས་རྒྱུན་དང་མ་འདྲ་བའི་དོགས་ཟོན་དང་རིམས་ནད་སྔོན་འགོག་བྱེད་བཞིན་ཡོད། ང་ཚོས་རིམས་ནད་འདིར་ལག་སྔ་བརྩད་ནས་འཐབ་རྒོལ་བྱ་རྒྱུ་འགོ་ཚུགས་ཟིན་པ་ཡིན་ཞེས་བཤད། འཇར་མན་ཎིར་ཁ་སང་གཟའ་ཕུར་བུའི་བར་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་༡༠༩༩༩་ཡོད་ཀྱང་མི་ལ་འཆི་སྐྱོན་བྱུང་བ་༢༠་ཡས་མས་ཤིག་ལས་ཐོན་མེད། ཡུ་རོབ་མཉམ་འབྲེལ་རྒྱལ་ཁབ་༢༦་གིས་དུས་ཡུན་ཟླ་བ་གཅིག་ལ་འགྲིམ་འགྲུལ་བཀག་ནས་རིམས་ནད་བཀག་སྡོམ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་འགོ་ཚུགས་འདུག ཨ་མི་རི་ཀར་ཕྱི་ཟླ་༣་པའི་ཚེས་༢༠་ཉིན་གྱི་ཞོགས་པའི་བར་དུ་ཏོག་དབྱིབས་རིམས་ནད་ཀྱིས་མི་༢༠༥་ལ་འཆི་སྐྱོན་དང་མི་༡༤༠༠༠་ལྷག་ལ་ནད་དུག་འགོས་ཡོད་པའི་གནས་ཚུལ་ཐོན། གཟའ་ཕུར་བུའི་ཉིན་ཨ་རིའི་ནུབ་ཕྱོགས་སུ་ཆགས་པའི་ཁེ་ལི་ཧྥོར་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་ནེའུ་སོམ་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། མ་འོངས་པའི་བདུན་ཕྲག་༨་གྱི་རིང་དུ་མངའ་སྡེ་དེར་མི་འབོར་ས་ཡ་༤༠་ལྷག་ཡོད་པ་དེའི་ཕྱེད་ཀའམ། ཡང་ན་མི་གྲངས་ས་ཡ་༢༥་ཡས་མས་ཤིག་ལ་ཏོག་དབྱིབས་ནད་དུག་འགོ་སྲིད་པའི་ཉེན་ཀ་འདུག སྲིད་འཛིན་ཌོ་ནལ་ཊམ་དང་ཨ་རིའི་གྲོས་ཚོགས་ཀྱིས་ངེས་པར་དུ་ཁེ་ལི་ཧྥོར་ཎི་ཡ་མངའ་སྡེར་ཛ་དྲག་གི་རིམས་འགོག་རྒྱབ་སྐྱོར་བྱ་དགོས་ཞེས་འབོད་སྐུལ་ཞུས། དེང་སྐབས་ཨ་རིའི་མངའ་སྡེ་སྤྱི་ཁྱབ་ཕལ་མོ་ཆེས་རང་གི་མངའ་ཁོངས་སོ་སོའི་སྨན་ཁང་དང་བཟའ་བཅའི་ཚོང་ཁང་། དངུལ་ཁང་དང་མི་མང་གི་ཉིན་རེའི་འཚོ་བར་མཁོ་ངེས་ཀྱི་ཚོང་ལས་ཁག་མ་གཏོགས་ཇ་ཁང་ཆང་ཁང་དང་གློག་བརྙན་ཁང་། ཟློས་གར་ཁང་དང་མི་ཚོགས་འདུ་འཛོམས་བྱ་ཡུལ་སོགས་ཀྱི་ཚོང་ལས་རྣམས་སྒོ་བརྒྱབ། མངའ་སྡེའི་སྤྱི་ཁྱབ་ཁག་གིས་རང་གི་མི་མང་རྣམས་རང་འགུལ་གྱིས་ཁྱིམ་དུ་འཛུལ་ནས་ཕྱི་ལ་འབུད་མི་དགོས་པ་གཙོ་འཛིན་བྱ་དགོས། མངའ་སྡེའི་གཞུང་གི་ཉེན་རྟོག་པ་དང་སྤྱི་དམངས་ལས་སྣེ་ཚོར་རིམས་ནད་སྔོན་འགོག་དང་ནད་པ་སྐྱོབ་ཐབས་སོགས་ལ་སྟོབས་ཤུགས་བཀོལ་དུ་འཇུག་དགོས་ཞེས་བཀོད་ཁྱབ་གཏོང་གི་ཡོད་ཅིང་། ཨ་རིའི་གཞུང་གིས་ཕྱི་རྒྱལ་བ་ཚོར་འགྲིམ་འགྲུལ་བཀག་ནས་རིམས་ནད་སྔོན་འགོག་བྱེད་ཀྱི་ཡོད། ཡིན་ནའང་ཉམས་ཞིབ་པ་མང་པོ་ཞིག་གིས་འདས་པའི་ཟླ་བ་གཉིས་ཀྱི་རིང་ལ་ཨ་རིའི་སྤྱི་ཚོགས་སུ་ཏོག་དབྱིབས་རམས་ནད་ཁྱབ་གདལ་ཤུགས་ཆེན་པོ་ཞིག་ཕྱིན་ཟིན་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ད་ལྟའི་བར་དུ་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་འདིས་འཛམ་གླིང་ཡོངས་སུ་མི་༢༠༧༠༠༠་ལྷག་ལ་ནད་མནར་དང་མི་༨༦༠༠་ལྷག་ལ་འཆི་སྐྱོན་བྱུང་དུ་བཅུག་ཡོད་པ་རེད།།

XS
SM
MD
LG