ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

འབྲུག་ཡུལ་གྱིས་རྡོ་ཐ་བཀག་ནས་ནེའུ་ཛི་ལན་ཌིར་ཅི་ཞིག་སློབ་ཐུབ། 


༄༅།། འཛམ་གླིང་རྒྱལ་ཁབ་ཁག་གིས་རྡོ་ཐ་འགོག་དགོས་ཀྱི་འདུག་ཅེས་གླེང་སློང་བྱ་རྒྱུ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། ཏུར་ཀི་མ་ཎི་སི་ཐན་དང་འབྲུག་ཡུལ་གཉིས་ཀྱིས་རྡོ་ཐ་བཀག་ནས་བཟུང་། ནེའུ་ཛི་ལན་ཌི་རྡོ་ཐ་བཀག་སྡོམ་བྱ་རྒྱུའི་ཕྱོགས་སུ་སྐྱོད་ཀྱི་ཡོད་པའི་རྒྱལ་ཁབ་ཨང་གསུམ་པ་དེར་གྱུར། ཕྱི་ཟླ་༡༡་པའི་ཚེས་༡༥་ཉིན་ཉལ་ཐ་གླེང་སློང་དྲྭ་ཚིགས་སུ་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༡་ལོར་ནེའུ་ཛི་ལན་ཌིས་ཐ་མག་བཀག་སྡོམ་གྱི་ལས་འགུལ་མགོ་བརྩམས། ༢༠༢༥་ནས་རྡོ་ཐ་གཏན་ནས་འཚོང་མི་ཆོག་པ་དང་ལོ་ལྟར་ཐ་མག་འཐེན་ཆོག་པའི་མིའི་ལོ་ཚད་སྤར་ཏེ་རིམ་བཞིན་ནེའུ་ཛི་ལན་ཌི་རྒྱལ་ཡོངས་སུ་ཐ་མན་ཉོ་ཚོང་དང་འཐེན་མི་ཆོག་པའི་གྲོས་གཞི་བཏོན། ནེའུ་ཛི་ལན་ཌིའི་འཕྲོད་བསྟེན་བློན་ཆེན་གྱིས་ཐ་མག་བཀག་སྡོམ་གྱི་སྲིད་ཇུས་དེའི་དམིགས་འབེན་གཙོ་བོ་ནི་མའོ་རི་གྲངས་ཉུང་མི་རིགས་ཀྱི་ཚོ་ཤོག་ཁག་ཡིན། རྒྱལ་ཡོངས་ཀྱི་མི་འབོར་གྲས་སུ་ཐ་མག་འཐེན་མཁན་བརྒྱ་ཆ་༡༣.༤་ལས་མེད་ཀྱང་མའོ་རི་གྲངས་ཉུང་མི་རིགས་ཀྱི་གྲས་སུ་ཐ་མག་འཐེན་མཁན་བརྒྱ་ཆ་༢༩་ལྷག་འདུག ༡༩༨༤་ལོར་ནེའུ་ཛི་ལན་ཌིའི་མའོ་རི་གྲངས་ཉུང་མི་རིགས་ཀྱི་སྐྱེས་པ་རྣམས་འཛམ་གླིང་གི་ཐ་མག་འཐེན་མཁན་མང་ཤོས་རེད། ནེའུ་ཛི་ལན་ཌིའི་ལག་བསྟར་སྲིད་ཇུས་དེའི་ཁོངས་སུ་ཐ་མག་གི་ཚོང་ཁང་ཉུང་འཕྲི་དང་རྡོ་ཐ་འགོག་དགོས་པའི་ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུ། ཐ་མག་གི་ཚོང་བསྒྲགས་ཁག་ལ་སྟངས་འཛིན་དང་རྡོ་ཐ་ནི་མིའི་འཕྲོད་བསྟེན་དང་དཔལ་འབྱོར་ལ་གནོད་ཚབས་ཆེ་བའི་དྲིལ་བསྒྲགས་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་པའི་ཐག་གཅོད་བྱས་འདུག

ད་ལྟ་ཡུ་རོབ་རྒྱལ་ཁབ་ཌན་མག་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་མ་ལེ་ཤི་ཡ་གཉིས་ཀྱིས་ཀྱང་འབྲུག་ཡུལ་ལྟར་རྡོ་ཐ་འགོག་དགོས་པའི་བསམ་ཞིབ་བྱེད་ཀྱི་ཡོད་པར་མ་ཟད། ༢༠༢༡་ལོར་དབྱིན་གཞུང་གིས་མི་དམངས་ལ་བསམ་ཚུལ་དྲིས་པའི་གྲུབ་འབྲས་ལྟར་ན། དབྱིན་ཇིའི་སྤྱི་དམངས་བརྒྱ་ཆ་༥༣་ལྷག་གིས་རིམ་བཞིན་རྡོ་ཐ་ཉོ་ཚོང་གཏན་འགོག་བྱ་དགོས་པའི་ལན་འདེབས་བྱས་འདུག ༢༠༠༤་ལོར་འབྲུག་ཡུལ་གྱི་དགེ་འདུན་པའི་སྡེ་དང་གཞི་རིམ་མང་ཚོགས་ཀྱིས་ལས་འགུལ་སྤེལ་ཏེ་རྡོ་ཐ་རྩ་འགོག་གི་བཅའ་ཁྲིམས་གཏན་ལ་ཕབ། ༢༠༡༠་ལོར་འབྲུག་གཞུང་གིས་ཕྱི་ནས་ཁྲིམས་འགལ་ཐོག་ཏུ་ཐ་མག་ནང་འདྲེན་བྱེད་མི་ཆོག་པ་དང་སྤྱི་དམངས་འདུ་ས་ཁག་ཏུ་ཐ་མག་འཐེན་མི་ཆོག་པའི་ཁྲིམས་ཤིག་གཏན་འབེབས་བྱུང་། འབྲུག་གཞུང་གིས་རྡོ་ཐ་བཀག་སྡོམ་བྱས་པའི་རྗེས་སུ་རྡོ་ཐ་ནག་ཚོང་ཁྱབ་གདལ་དང་ཨ་རིའི་ཨོཀ་ལོ་ཧོ་མ་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་མེ་ཁེལ་གྷི་ཝེལ་གྱིས་འབྲུག་ཡུལ་དུ་རྡོ་ཐ་ཉོ་ཚོང་གི་ནག་ཚོང་ཁྲོམ་ར་རྒྱ་ཆེ་ཆུང་ཅི་ཙམ་ཡོད་མེད་ཏག་ཏག་ཅིག་བཤད་ཐུབ་རྒྱུ་ཁག་པོ་རེད། ད་སྔ་ལག་ཐོབ་བྱུང་བའི་འབྲུག་གཞུང་གི་གཞི་གྲངས་ཁག་ཏུ་༢༠༠༦་ལོར་དངུལ་ཊམ་འབུམ་༡་དང་ཁྲི་ཚོ་༣་གྱི་ཐ་མག་ནང་འདྲེན་བྱས་འདུག ༢༠༠༧་ལོར་དངུལ་ཊམ་འབུམ་༦་དང་ཁྲི་ཚོ་༢་ཀྱི་ཐ་མག་ནང་འདྲེན། ༢༠༠༨་ལོར་དངུལ་ཊམ་ས་ཡ་༡་དང་འབུམ་༤་ལྷག་གི་ཐ་མག་འདྲེན་བྱས་འདུག ༢༠༡༨་ནས་༢༠༢༡་བར་དུ་འབྲུག་གཞུང་གིས་དངུལ་ཊམ་ས་ཡ་༡༧་དང་འབུམ་༨་གྱི་རྡོ་ཐ་གཞུང་བཞེས་བཏང་མོད། འོན་ཀྱང་འབྲུག་གཞུང་གིས་ཐ་མག་གཞུང་བཞེས་བཏང་བའི་གྲངས་འབོར་དང་ཐ་མག་གི་དགོས་མཁོ། ཁྲིམས་འགལ་གྱི་རྡོ་ཐ་ནག་ཚོང་ཁྲོམ་རའི་རྒྱ་ཆེ་ཆུང་བཅས་ལ་ཁྱད་པར་ཆེན་པོ་ཤོར་འདུག་ཅེས་ཀུན་གསལ་གསར་ཤོག་ལ་གནས་ཚུལ་ཐོན་པ་ལུང་འདྲེན་བྱས་ནས་ཞིབ་འཇུག་གི་རྩོམ་ཡིག་བྲིས་འདུག

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་༢༠༢༠་ལོར་སྙན་ཐོ་བཏོན་པ་དེར་འཁོད་པ་ལྟར་ན། ༢༠༠༤་ལོར་འབྲུག་ཡུལ་དུ་ཐ་མག་ཉོ་ཚོང་བྱེད་མི་ཆོག་པའི་བཀག་སྡོམ་མ་བྱས་སྔོན་ནས་ཁྲིམས་འགལ་གྱི་ནག་ཚོང་དར་ཁྱབ་ཕྱིན་ཡོད་པ་དང་ཐ་མག་བཀག་སྡོམ་བྱས་པའི་རྗེས་སུ་ཐ་མག་གི་ནག་ཚོང་ཁྲོམ་ར་སྔར་ལས་རྒྱ་ཆེ་རུ་ཕྱིན་འདུག་ཅེས་བསྟན། འབྲུག་གཞུང་གིས་རྡོ་ཐ་བཀག་སྡོམ་ནན་པོ་བྱེད་ཀྱི་ཡོད་ཀྱང་ཐ་མག་འཐེན་མཁན་གྱི་གྲངས་འབོར་ཉུང་དུ་ཕྱིན་མེད་པ་སྟེ། ༢༠༡༤་ལོར་ཞིབ་འཇུག་ཞིབ་ཚགས་པའི་རྗེས་སུ་འབྲུག་པའི་མི་འབོར་གྲས་སུ་ཐ་མག་འཐེན་མཁན་མི་གྲངས་བརྒྱ་ཆ་༢༤.༨་ཡོད་པ་དང་ཐ་མག་འཐེན་མཁན་མང་པོས་རྡོ་ཐ་བལྡད། དེ་ནི་འབྲུག་ཡུལ་དུ་ཐ་མག་འཐེན་ཆོག་པའི་ས་ཆ་ཉུང་ཉུང་ཡིན་པའི་སྟབས་ཀྱིས་ཡིན་ཞིང་། འབྲུག་ཡུལ་གྱི་ཐ་མག་འཐེན་མཁན་མི་འབོར་དེར་ཞིབ་ཏུ་བལྟས་ན་དེའི་འཕེལ་ཕྱོགས་ནི་བློ་འཚབ་སྐྱེ་དགོས་པ་ཞིག་ཏུ་གྱུར། ཅིའི་ཕྱིར་ཞེ་ན་འབྲུག་པའི་སྐྱེས་པ་དང་ཕོ་གསར། སྐྱེས་ཕ་མོ་གཉིས་ཀའི་གྲས་སུ་ཐ་མག་འཐེན་མཁན་མང་དུ་སོང་། ༢༠༠༦་ལོར་འབྲུག་པའི་ན་གཞོན་གྲས་སུ་ཐ་མག་འཐེན་མཁན་བརྒྱ་ཆ་༢༤་ལས་མེད་ཀྱང་༢༠༡༣་ལོར་འབྲུག་པའི་ན་གཞོན་གྲས་སུ་ཐ་མག་འཐེན་མཁན་གྱི་གྲངས་འབོར་བརྒྱ་ཆ་༣༠་ལ་འཕར། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་འབྲུག་གཞུང་གིས་ཐ་མག་འཚོང་མི་ཆོག་པའི་བཀག་སྡོམ་བྱས་ཀྱང་ལྐོག་ཏུ་ཐ་མག་བཙོང་སའི་ཚོང་ཁང་མང་པོ་ཡོད་པས་ན་གཞོན་ཚོས་ཐ་མག་ཉོ་ཐུབ་ཀྱི་འདུག ཏོག་དབྱིབས་ནད་དུག་ཁྱབ་གདལ་དུས་སུ་འབྲུག་གཞུང་གིས་ཁྲིམས་འགལ་གྱི་ཐ་མག་ནག་ཚོང་ཁྲོམ་ར་འགོག་མ་ཐུབ་པར་སྐབས་ཤིག་གི་རིང་རྡོ་ཐ་བཀག་སྡོམ་གྱི་ཁྲིམས་ཕྱིར་འཐེན་བྱ་དགོས་བྱུང་འདུག་ཅེས་བཀོད། གལ་སྲིད་འབྲུག་ཡུལ་གྱི་ཐ་མག་བཀག་སྡོམ་ལ་མིག་དཔེ་བལྟས་ནས་ནེའུ་ཛི་ལན་ཌིར་ཉམས་མྱོང་ཞིག་ལེན་རྒྱུ་ཡོད་ཚེ། འབྲུག་ཡུལ་དུ་ཁེ་སང་ཆེ་བའི་ཐ་མག་གི་ནག་ཚོང་ཁྲོམ་ར་དར་ཡོད་པ་དེར་ནེའུ་ཛི་ལན་ཌིས་གདོང་ལེན་ཇི་ལྟར་བྱེད་དགོས་མིན་ཐད་བསམ་ཞིབ་བྱ་དགོས་པའི་གནས་སྤེལ་འདུག

ཨོ་ཏེ་གྷོ་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་ནིཀ་ཝིལ་སན་གྱིས་བཤད་པ་ལྟར་ན། འབྲུག་ཡུལ་གྱིས་རྡོ་ཐ་མེད་པའི་གློག་གི་ཐ་མག་བཀག་ཀྱང་ནེའུ་ཛི་ལན་ཌིས་རྡོ་ཐ་མེད་པའི་གློག་གི་ཐ་མག་འགོག་གི་མེད་པ་རེད། འབྲུག་ཡུལ་གྱི་རྡོ་ཐ་བཀག་སྡོམ་ལ་ནུས་པ་གཏན་ནས་མ་ཐོན་པ་ནི་ཐ་མག་གི་རིགས་མཐའ་དག་འགོག་རྒྱུ་དམ་དྲགས་པས་ཡིན་པར་སྣང་། ཁོ་ཚོས་ཁྲིམས་འགལ་གྱི་ནག་ཚོང་ཁྲོམ་རར་ཇི་ལྟར་འགོག་དགོས་མིན་བསམ་ཞིབ་མ་བྱས་པར་ཐ་མག་རྩ་འགོག་བྱ་རྒྱུའི་སྲིད་ཇུས་ལག་ལེན་བསྟར་པ་རེད་ཅེས་བསྟན། ཨོ་གླིང་གི་སློབ་དཔོན་བྷི་གྷེལ་ཧོན་གྱིས་སློབ་གསོ་དང་གསར་འགྱུར་ལས་ཁང་ཁག་གིས་རྡོ་ཐའི་ཉེས་སྐྱོན་རྣམས་ཐེར་འདོན་དང་ཐ་མག་འཐེན་ན་འཕྲོད་བསྟེན་ལ་གནོད་ཚབས་ཆེ་བའི་དྲིལ་བསྒྲགས་བྱས་ནས་ཉུང་དུ་གཏོང་དགོས། འབྲུག་ཡུལ་དུ་ཐ་མག་འཐེན་མཁན་མང་པོ་ཡོད་པའི་འགག་རྩ་ནི་རྡོ་ཐའི་ཉེས་སྐྱོན་དང་འཕྲོད་བསྟེན་ལ་གནོད་ཀྱི་ཡོད་པ་རྣམས་གསལ་སྟོན་ནན་པོ་ཞིག་བྱས་མ་ཐུབ་པས་རེད། མི་དམངས་ལ་སློབ་གསོ་མ་བཏང་བ་དང་ཐ་མག་འཐེན་མཁན་ཚོར་ཐབས་ལམ་གཞན་པ་མ་བསྟན་པར་རྡོ་ཐ་ཉོ་ཚོང་རྩ་འགོག་བྱ་རྒྱུ་སྲིད་ཐབས་བྲལ། ནེའུ་ཛི་ལན་ཌིའི་གཞུང་གིས་འབྲུག་ཡུལ་གྱི་སྲིད་ཇུས་དང་མ་འདྲ་བ་ཞིག་འཛིན་དགོས། རྡོ་ཐ་ཉོ་ཚོང་བཀག་སྡོམ་ཁོ་ན་མིན་པར་གཞི་རིམ་མང་ཚོགས་ལ་སློབ་གསོ་དང་ཐ་མག་འཚོང་མཁན་ལ་ཁེ་སང་མེད་པར་གཏོང་རྒྱུ། ཐ་མག་འཐེན་མཁན་གྱི་མི་གྲངས་ཉུང་དུ་བཏང་སྟེ་མཐའ་མཇུག་རྡོ་ཐའི་ཚོང་ལས་གཏན་འགོག་བྱ་དགོས། འབྲུག་ཡུལ་དུ་ཐ་མག་བཀག་སྡོམ་བྱས་པའི་གྲུབ་འབྲས་ལ་གཞིགས་ནས་ནེའུ་ཛི་ལན་ཌིར་ཉམས་མྱོང་ལེན་རྒྱུ་ཇི་སྙེད་ཅིག་ཡོད་ངེས་རེད་ཅེས་ལམ་སྟོན་བྱས་འདུག

ད་ལོའི་ཕྱི་ཟླ་༥་པའི་ཚེས་༣༡་ཉིན་ཨི་སི་ཊི་མོ་ཇཱོ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྔ་ལོ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྡོ་ཐ་ནི་མིའི་བདེ་ཐང་ལ་ཤིན་ཏུ་གནོད་ཚབས་ཆེ་བ་ཞིག་རེད། རྡོ་ཐ་རྩ་འགོག་བྱ་རྒྱུའི་ཚབ་ཏུ་ཐ་མག་འཐེན་མི་ཆོག་པའི་བཅའ་ཁྲིམས་ལག་ལེན་བསྟར་ན་ནུས་པ་ཆེ་བ་ཐོན། འབྲུག་ཡུལ་གྱིས་ཐ་མག་རྩ་འགོག་བྱས་ནས་དཀའ་ངལ་ཆེ་རུ་འགྲོ་བཞིན་པ་དང་ང་ཚོས་ཐ་མག་གི་ཚོང་ཁྲལ་སྤར་ཏེ་ཕུགས་རྒྱང་རིང་པོར་དམིགས་ནས་རྡོ་ཐ་འགོག་ཐབས་ཀྱི་གྲོས་སྡུར་ལྷུག་པོ་ཞིག་མ་བྱས་པར་ཐ་མག་རྩ་འགོག་བྱེད་ཐུབ་རྒྱུ་ཁག་པོ་རེད། ༢༠༠༤་ལོར་འབྲུག་གཞུང་གིས་རྒྱལ་ནང་དུ་རྡོ་ཐ་གདབ་མི་ཆོག་པ་དང་རྡོ་ཐ་དྲིལ་བསྒྲགས་བྱེད་མི་ཆོག་པ། རྡོ་ཐ་ཚོང་འགྲེམ་བྱེད་མི་ཆོག་པ་དང་འབྲུག་ཡུལ་ལ་ཁྲིམས་འགལ་ཐོག་ཏུ་ཐ་མག་ནང་འདྲེན་བྱས་ན་ཚོང་ཁྲལ་བརྒྱ་ཆ་༡༠༠་ཐམ་པ་རྒྱག་རྒྱུ། མི་ཚོས་ཁྲིམས་འགལ་བྱས་ནས་ཐ་མག་འཐེན་ན་དཔལ་འབྱོར་གྱི་ཉེས་ཆད་དྲག་པོ་གཅོད་ཀྱི་ཡོད་ཀྱང་༢༠༠༩་ལོར་འབྲུག་ཡུལ་གྱི་ན་གཞོན་གྲས་སུ་དུ་བ་མཐོང་རྒྱུ་མེད་པའི་ཐ་མག་འཐེན་མཁན་བརྒྱ་ཆ་༩.༤་ཡོད་པ་དེ་བརྒྱ་ཆ་༢༡.༦་ལ་འཕར་འདུག་ཅེས་གཞི་གྲངས་བཏོན། འབྲུག་གཞུང་གིས་༢༠༠༤་ལོར་རྡོ་ཐ་རྩ་འགོག་གི་བཅའ་ཁྲིམས་གཏན་འབེབས་བྱས་པའི་སྐབས་སུ་སྤྱི་དམངས་ཀྱི་འཕྲོད་བསྟེན་ལ་སྲུང་སྐྱོབ་དང་ཐ་མག་འཐེན་པ་ནི་སངས་རྒྱས་ཀྱི་ཆོས་ཁྲིམས་ལ་རྒྱབ་འགལ་རེད་ཅེས་རྒྱུ་མཚན་བགྲངས། སྐྱེ་བོ་གང་ཞིག་གིས་རྡོ་ཐ་བཏབ་ནས་ཐོན་སྐྱེད་བསྡུས། རྡོ་ཐ་ཚོང་འགྲེམ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ན་འབྲུག་གཞུང་གིས་མི་དེར་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་གཅོད། ཐ་མག་གི་ཉེས་སྐྱོན་ཐེར་འདོན་མིན་པར་འབྲུག་པའི་གློག་བརྙན་དང་བརྙན་འཕྲིན་ནང་དུ་ཐ་མག་འཐེན་པ་དང་ཐ་མག་སྟོན་མི་ཆོག་པའི་ཁྲིམས་བཅས་འདུག ཡིན་ནའང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྙན་ཐོའི་ནང་དུ་འབྲུག་པའི་བྱིས་པ་ལོ་༡༣་ནས་༡༥་ཅན་གྱི་གྲས་སུ་ཐ་མག་འཐེན་མཁན་བརྒྱ་ཆ་༢༣.༧་ཡོད་པ་ཤེས་རྟོགས་བྱུང་འདུག

XS
SM
MD
LG