ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྲིད་བློན་མོ་དྷི་དང་༧གོང་ས་མཆོག་ཨ་རུ་ན་ཅལ་མངའ་སྡེར་ཕེབས་འཆར། 


༄༅།། དེང་སྐབས་རྒྱ་གར་གྱི་མངའ་ཁོངས་སུ་གཏོགས་པའི་མོན་ཡུལ་ནི་༡༩༦༢་ལོར་ཧིན་བོད་ས་མཚམས་ཁག་ཏུ་རྒྱ་དཀར་ནག་གཉིས་ཀྱིས་དམག་འཁྲུག་རྒྱག་ཡུལ་གཙོ་བོ་ཞིག་ཡིན་ཞིང་། ཕྱི་ཟླ་༡༠་པའི་ཚེས་༢༤་ཉིན་རྒྱ་གར་གྱི་ཌི་ཁན་ཧི་རེལ་ཌི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གཟའ་འཁོར་འདིར་སྲིད་བློན་མོ་དྷི་རྒྱ་གར་གྱི་བྱང་ཤར་ཕྱོགས་སུ་ཆགས་པའི་ཨ་རུ་ན་ཅལ་མངའ་སྡེར་གཟིགས་ཞིབ་ཏུ་ཕེབས་འཆར་ཡོད་པ་ལྟར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ཀྱང་མོན་ཡུལ་དུ་ཕེབས་འཆར་འདུག འོན་ཀྱང་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་སྐུ་འཁོར་རྣམས་ཨ་རུ་ན་ཅལ་མངའ་སྡེར་ནམ་ཕེབས་ཀྱི་ཡོད་མེད་ཀྱི་ཚེས་གྲངས་དེ་གསལ་པོ་མི་འདུག་ཅེས་གནས་ཚུལ་སྤེལ་འདུག སྲིད་བློན་མོ་དྷི་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་གྱི་མཐའ་མཚམས་མངའ་སྡེ་དེར་ཕེབས་ན་རྒྱ་ནག་ཁོང་ཁྲོ་ལངས་ནས་ངོ་རྒོལ་བྱེད་སྲིད། རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེ་ནི་མོན་ཡུལ་ཡིན་པ་དང་དེ་ནི་བོད་ཀྱི་ལྷོ་ཕྱོགས་རེད་ཅེས་ས་ཆ་དེའི་བདག་དབང་རྒྱ་ནག་ལ་ཡོད་ལུགས་ཀྱི་རྩོད་པ་རྒྱག་རྒྱུ་མཚམས་མི་འཇོག རྒྱ་དཀར་ནག་གཉིས་ཀས་མོན་ཡུལ་གྱི་ས་མཚམས་ཁག་ཏུ་དམག་དཔུང་འགྲེམ་འཇོག་དང་འཐབ་འཁྲུག་གི་གྲ་སྒྲིག ཁོ་ཚོ་གཉིས་ཀས་ཕན་ཚུན་དོགས་ཟོན་བྱས་ནས་ལྟ་རྟོག་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༠་པའི་ཚེས་༢༢་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་ཡིག་བོད་གནས་བསྐྱར་ཞིབ་དུས་དེབ་ལ་གནས་ཚུལ་བཀོད་པ་ལྟར་ན། ཕྱི་ཟླ་༡༠་པའི་ཟླ་མཇུག་ཏུ་རྒྱ་གར་གྱི་སྲིད་བློན་མོ་དྷི་ཨ་རུ་ན་ཅལ་མངའ་སྡེར་ཕེབས་ཀྱི་ཡོད་པ་དང་སྐབས་དེར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ཀྱང་འབྲས་ལྗོངས་དང་ཨ་རུ་ན་ཅལ་མངའ་སྡེ་གཉིས་སུ་ཆིབས་སྒྱུར་བསྐྱང་འཆར་འདུག འོན་ཀྱང་སྲིད་བློན་མོ་དྷི་དང་༧གོང་ས་ཏཱ་ལའི་བླ་མ་རྣམ་གཉིས་ཨ་རུ་ན་ཅལ་མངའ་སྡེའི་ས་གནས་གཅིག་པ་དེར་གཟིགས་ཞིབ་ཏུ་ཕེབས་ཀྱི་ཡོད་པ་དང་དུས་ཚོད་ཀྱང་མཉམ་དུ་ཁེལ་གྱི་ཡོད་པའི་ངེས་པ་མེད། ༧གོང་ས་མཆོག་འབྲས་ལྗོངས་དང་ཨ་རུ་ན་ཅལ་མངའ་སྡེ་གཉིས་ཀྱི་གང་ལ་སྔོན་དུ་ཕེབས་ཀྱི་ཡོད་མེད་ངེས་གཏན་མི་འདུག ཉེ་ཆར་མོན་ཡུལ་གྱི་དད་ལྡན་པ་ཚོ་བཞུགས་སྒར་རྡ་རམ་ས་ལར་བཅར་ནས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་བ་དང་མགོན་པོ་གང་ཉིད་མོན་ཡུལ་དུ་ཕེབས་དགོས་པའི་གསོལ་བ་ཕུར་ཚུགས་སུ་བཏབ་པ་ལྟར་ཕྱི་ཟླ་༩་པའི་ཚེས་༧་ཉིན་༧གོང་ས་མཆོག་གང་མགྱོགས་རྟ་དབང་ཁུལ་དུ་ཆིབས་སྒྱུར་གནང་རྒྱུའི་ཞལ་བཞེས་ཐོབ་པའི་གནས་ཚུལ་ཐོན། ༧གོང་ས་ཏཱ་ལའི་བླ་མ་མཆོག་མོན་ཡུལ་དུ་ཕྱི་ཟླ་༡༠་པའི་ཟླ་མཇུག་ཏུ་མ་གཏོགས་ཕེབས་ཐུབ་མདོག་ཁ་པོ་མ་རེད། དེའི་རྒྱུ་མཚན་ནི་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་རྟ་མང་པ་རེམ་སིང་གིས་ཀྱང་༧གོང་ས་མཆོག་འབྲས་ལྗོངས་ལ་གདན་འདྲེན་ཞུས་ནས་ཕྱི་ཟླ་༡༠་པའི་ཟླ་སྨད་དུ་ཕེབས་རྒྱུའི་ཞལ་བཞེས་ཐོབ་ཡོད་པས་རེད་ཅེས་གནས་ཚུལ་སྤེལ་འདུག

རྒྱ་གར་གྱི་ཌི་ཁན་རི་རེལ་ཌི་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་འཁོད་པ་ལྟར་ན། སྲིད་བློན་མི་དྷི་མོན་ཡུལ་དུ་ཕེབས་ནས་ཨ་རུ་ན་ཅལ་མངའ་སྡེའི་གནམ་ཐང་གསར་པ་དེ་དང་མངའ་སྡེ་དེའི་ནུབ་ཕྱོགས་སུ་འཛུགས་སྐྲུན་ཟིན་པའི་མཁར་མང་ཆུ་ཤུགས་གློག་ཁང་གཉིས་སྒོ་འབྱེད་བྱ་འཆར་ཡོད་པར་མ་ཟད། སྲིད་བློན་མོ་དྷིས་རྒྱ་གར་གཞུང་གིས་ཨ་རུ་ན་ཅལ་དང་བོད་ཀྱི་ས་མཚམས་ཁག་ཏུ་ཆགས་ཡོད་པའི་རྒྱ་གར་གྱི་མངའ་སྡེ་ཁག་ལ་རྒྱ་ལམ་དང་ལྕགས་ལམ། ཕུག་ལམ་དང་ཟམ་པ། གནམ་ཐང་སོགས་རྨང་གཞིའི་མཐུན་རྐྱེན་རྣམས་འཛུགས་སྐྲུན་གང་ལེགས་བྱས་པའི་གྲུབ་འབྲས་རྣམས་སྟོན་ཤས་ཆེ། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་དུས་རབས་༡༧་པར་ཕྱག་བཏབ་པའི་མོན་ཡུལ་གྱི་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་དུ་ཉིན་ཤས་རིང་བཞུགས་རྒྱུ་ཡིན་འདུག ༢༠༡༧་ལོའི་ཕྱི་ཟླ་༤་པ་ནས་༧གོང་ས་མཆོག་མོན་ཡུལ་དུ་ཕེབས་མེད་ཅིང་། ད་ལོའི་ཕྱི་ཟླ་༧་པའི་ཟླ་དཀྱིལ་ནས་ཕྱི་ཟླ་༨་པའི་ཟླ་མཇུག་བར་དུ་དགུང་གྲངས་༨༧་ལ་ཕེབས་པའི་༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་བྱང་ནུབ་ཀྱི་དབུས་ཐད་སྐྱོང་མངའ་ཁུལ་ལ་དྭགས་སུ་ཉིན་༤༥་ལ་བཞུགས་པ་རེད། ད་སྔ་རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན། བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་སོགས་སུ་ཞིག་ཨ་ནུ་ན་ཅལ་མངའ་སྡེར་ཕེབས་ཀྱང་རྒྱ་ནག་གིས་ངོ་རྒོལ་དྲག་པོ་བྱས་ཤིང་། དེས་ན་ཐེངས་འདིར་སྲིད་བློན་མོ་དྷི་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་མོན་ཡུལ་དུ་ཕེབས་ཀྱི་ཡོད་པར་རྒྱ་ནག་གིས་ངོ་རྒོལ་བྱ་རྒྱུ་དང་རྒྱ་གར་གྱིས་རྒྱ་ནག་གི་མངའ་ཁོངས་གོང་བུ་གཅིག་གྱུར་ལ་བརྩི་མེད་གཏོང་གི་འདུག རྒྱ་དཀར་ནག་གི་འབྲེལ་བར་གཏོར་བརླག་བྱེད་ཀྱི་འདུག་ཅེས་ཁ་རྡུང་གཏོང་རྒྱུ་ཆོས་ཉིད་རེད་ཅེས་གནས་ཚུལ་སྤེལ་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་ཡིག་བོད་གནས་བསྐྱར་ཞིབ་དུས་དེབ་ལ་མུ་མཐུད་དུ་གནས་ཚུལ་འཁོད་པ་ལྟར་ན། ཕྱི་ཟླ་༩་པའི་ཚེས་༡༤་ཉིན་ཨ་རུ་ན་ཅལ་མངའ་སྡེའི་ཆོས་དོན་བློན་ཆེན་སྐྱབས་རྗེ་བསོད་ནམས་བླ་མ་དང་མོན་ཡུལ་གྱི་ཆོས་རིག་དྲུང་ཆེ་པ་སངས་འཕེན་པོ་སོགས་བཞུགས་སྒར་རྡ་རམ་ས་ལར་ཕེབས་ནས་༧གོང་ས་མཆོག་མོན་ཡུལ་དུ་གདན་འདྲེན་ཞུས། ཆོས་རིག་བློན་ཆེན་སྐྱབས་རྗེ་བསོད་ནམས་བླ་མས་༧གོང་ས་མཆོག་མོན་ཡུལ་དུ་ཕེབས་ནས་ཕྱི་ཟླ་༡༠་པའི་ཚེས་༢༨་ནས་ཕྱི་ཟླ་༡༡་པའི་ཚེས་༡་བར་དུ་བཞུགས་འཆར་ཡོད་ཅེས་བསྒྲགས། རྒྱ་གར་གྱི་སྲིད་བློན་མོ་དྷི་ནི་ཕྱི་ཟླ་༡༠་པའི་ཚེས་༢༧་དང་༢༨་གཉིས་ལ་ཨ་རུ་ན་ཅལ་དང་ཊི་རི་པུ་ར་མངའ་སྡེ་གཉིས་སུ་གཟིགས་ཞིབ་ཏུ་ཕེབས་འཆར་འདུག སྲིད་བློན་མི་དྷི་ཡང་ཨ་རུ་ན་ཅལ་དང་ཊི་རི་པུ་ར་མངའ་སྡེ་གཉིས་ཀྱི་གང་ལ་སྔོན་དུ་ཕེབས་འཆར་ཡོད་མེད་ཕྱིར་བསྒྲགས་བྱས་མེད་པའི་གནས་ཚུལ་སྤེལ་འདུག

ཌི་ཁན་ཧི་རེལ་ཌི་ཚགས་པར་གྱི་གསར་འགོད་པས་༢༠༡༤་ནས་ན་རེན་དྷ་ར་མོ་དྷིས་སྲིད་བློན་གྱི་ལས་ཁུར་བཞེས་ཀྱང་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་མ་བྱུང་ཞིང་། དེ་ནི་སྲིད་བློན་མོ་དྷིས་རྒྱ་ནག་ལ་ཕོག་ཐུག་གཏོང་རྒྱུ་གཡོལ་ཐབས་བྱེད་ཀྱི་ཡོད་པ་ཞིག་ཡིན་སྲིད། འོན་ཀྱང་༢༠༢༠་ལོར་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལག་འཛིང་ཐུག་སྟེ་མི་གསོད་ཁྲག་སྦྱོར་བྱུང་ནས་བཟུང་། ༢༠༢༡་དང་༢༠༢༢་གཉིས་ཀྱི་སྐུའི་འཁྲུངས་སྐར་དུས་སུ་སྲིད་བློན་མོ་དྷིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་དང་སྐུ་ཚེ་ཡུན་དུ་བཞུགས་དགོས་པའི་རྟེན་འབྲེལ་ཞུས། ད་དུང་༧གོང་ས་མཆོག་ལ་ཞལ་པར་ཕུལ་ནས་བཀའ་མོལ་གནང་བར་རྒྱ་ནག་གིས་ངོ་རྒོལ་དྲག་པོ་བྱས་འདུག ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཞི་བདེ་དར་སྤེལ་བཏང་ནས་༡༩༨༩་ལོའི་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ། ཁོང་གིས་འཚེ་བ་མེད་པའི་ཐབས་ལམ་བརྒྱུད་ནས་བོད་མི་དམངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་ཞིག་ལས་རྩོད་ཀྱི་མེད་ཀྱང་རྒྱ་ནག་གིས་རྟག་ཏུ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཁ་བྲལ་རིང་ལུགས་པའི་ཉེས་མིང་བཏགས། རྒྱ་གར་གཞུང་ལ་བཞུགས་སྒར་རྡ་རམ་ས་ལའི་བཙན་བྱོལ་བོད་གཞུང་སྒོ་རྒྱག་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG