ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ལ་དྭགས་ནས་ཞིན་ཅང་བར་དུ་རྒྱ་དཀར་ནག་རྩེད་འཇོར་རོལ་གྱི་ཡོད་དམ། 


༄༅།། ༢༠༢༠་ལོར་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལག་འཛིང་ཐུག་སྟེ་ཁ་བའི་ནང་དུ་ཐོར་བའི་ཁྲག་གི་ཚོན་མདོག་མ་ཡལ་གོང་སྟེ། ད་ལོའི་ཕྱི་ཟླ་༣་པའི་ནང་དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་སྔོན་ནས་གྲ་སྒྲིག་མེད་པར་གློ་བུར་དུ་རྒྱ་གར་ལ་འཚམས་འདྲིར་བསླེབས། དེའི་རྗེས་སུ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀར་ནས་ཨེ་ཤི་ཡའི་དུས་རབས་ཤིག་ཚུགས་དགོས་ན་རྒྱ་དཀར་ནག་གཉིས་མཉམ་འབྲེལ་མ་བྱས་པར་མངོན་དུ་འགྱུར་ཐབས་བྲལ། རྒྱ་དཀར་ནག་གཉིས་ཀས་འཁྲུག་རྩོད་བསླངས་པ་ལས་ཀྱང་ཕྱོགས་གཉིས་མཉམ་འབྲེལ་བྱས་ན་ཐུན་མོང་གི་ཁེ་ཕན་ཆེ་བ་འདུག་ཅེས་སྐད་གྲགས་ཅན་གྱི་གཏམ་བཤད་ཅིག་བྱས་ཤིང་། ཇཱེ་ཤན་ཀར་གྱི་གཏམ་བཤད་དེར་རྒྱ་ནག་གིས་མོས་མཐུན་ཡོད་པའི་རྣམ་འགྱུར་བསྟན། གཟའ་འཁོར་འདིར་རྒྱ་གར་གྱི་གསར་ཁང་༡༨་པ་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝེ་པིན་གྱིས་རྒྱ་དཀར་ནག་གཉིས་ནི་གནའ་བོའི་དཔལ་ཡོན་ཅན་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་པའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཡིན། ང་ཚོར་མི་མཐུན་པའི་འགལ་ཟླ་ལས་ཀྱང་མཐུན་ཕྱོགས་ཀྱི་ཁེ་ཕན་མང་བ་ཡོད། རྒྱ་དཀར་ནག་གཉིས་ཀྱིས་ཕན་ཚུན་གནོད་འཚེ་བྱ་རྒྱུའི་ཚབ་ཏུ་རོགས་ཕན་སྒྲུབ་ཐུབ་པའི་བློ་གྲོས་དང་འཇོན་ཐང་གཉིས་ཀ་འཛོམས་ཡོད་ཅེས་བསྒྲགས།།

དེ་ནས་ཅང་མ་འགོར་པར་ཨུ་རུ་སུས་བཀོད་སྒྲིག་བྱས་ཏེ་ཝོ་སི་ཊོཀ་ས་གནས་སུ་ཚུགས་༢༠༢༢་ལོའི་མཉམ་འབྲེལ་དམག་སྦྱོང་ལ་རྒྱ་དཀར་ནག་གཉིས་ཀ་ཞུགས། རྒྱ་ནག་ཨུ་རུ་སུའི་ཕྱོགས་སུ་བརྟན་པོར་ལངས་ཡོད་པ་ཤེས་རྟོགས་བྱུང་སྟེ་ཡུཀ་རེན་གྱི་དམག་འཁྲུག་ཐོག་ཏུ་རྒྱ་གར་གྱིས་ཨུ་རུ་སུའི་ལངས་ཕྱོགས་ལ་སྐྱོན་མ་བཙུགས། ཁ་སྔོན་ཕྱི་ཟླ་༩་པར་ལ་དྭགས་ཀྱི་གོ་ར་དང་ཆུ་ཚན། གྷལ་ཝན་ལུང་གཤོང་། སྤང་གོང་མཚོའི་བྱང་ཕྱོགས་དང་ལྷོ་ཕྱོགས་ཀྱི་ས་གནས་ཁག་ཅིག་ནས་རྒྱ་དཀར་ནག་གི་དམག་དཔུང་རྣམས་ཕྱིར་འཐེན། ད་དུང་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཚོའི་སྐད་ཆ་བཤད་སྟངས་ཧ་ཅང་ཇེ་འཇམ་དུ་སོང་། ཀྲའོ་ལི་ཅན་གྱི་རྒྱ་གར་གྱི་དཔལ་འབྱོར་སྟོབས་ཤུགས་དབྱིན་ཇིའི་གོང་དུ་ཤོར་བ་རེད་ཅེས་བསྟད། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་རྒྱ་ནག་གཞུང་ནས་ཞིན་ཅང་གི་ཡུ་གུར་མི་རིགས་དང་ཁ་ཆེ་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་གི་ཡོད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་འཇོག་དགོས་ཞེས་གྲོས་གཞི་བཏོན་པར་རྒྱ་གར་གྱིས་གྲོས་གཞི་དེར་རྒྱབ་སྐྱོར་ཡོད་མེད་ཀྱི་འོས་ཤོག་གང་ཡང་མ་འཕངས་པར་ཟུར་དུ་བསྡད། ལོ་གཉིས་ཀྱི་སྔོན་དེར་རྒྱ་དཀར་ནག་གི་དམག་མི་ཚོས་དམར་འཛིང་བྱས་ཀྱང་དེང་སྐབས་པེ་ཅིང་དང་ལྡི་ལི་གསར་པའི་འབྲེལ་བ་ཡར་རྒྱས་འགྲོ་བཞིན་པ་ནི་དགའ་འོས་པ་དང་ཡ་མཚན་དགོས་པ་ཞིག་རེད་ཅེས་གནས་ཚུལ་སྤེལ་འདུག

རྒྱ་གར་གྱི་བརྡ་འཕྲིན་དང་པོའི་གསར་ཁང་གིས་རྒྱ་དཀར་ནག་གཉིས་མ་མཐར་ཡང་སྐད་ཆ་བཤད་སྟངས་ཀྱི་ཆ་ནས་ཞི་འགྲིག་གི་ལམ་དུ་སྐྱོད་ཀྱི་ཡོད་པ་ཡིན་ནམ། ཁོ་ཚོ་མཛའ་བརྩེའི་རྩེད་འཇོ་ཅི་ཞིག་ལ་རོལ་གྱི་ཡོད་པ་རེད། འཛམ་གླིང་འདིར་སྟོབས་འབྱོར་རྒྱས་བཞིན་པའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱིས་དགྲ་ཟླར་འཛིན་པའི་འདུ་ཤེས་སྤངས་པའི་ཀུན་སློང་ཅི་རེད། ང་ཚོས་ཡིན་སྲིད་པའི་རྒྱུ་མཚན་འགའ་ཞིག་ལ་བརྟག་དཔྱད་བྱ་དགོས་ཞེས་གསར་འགྱུར་སྤེལ། ཐོག་མ་དེར་རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་ཀྱི་ཧམ་སེམས་དང་རྒྱ་ནག་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཡིན་པ་སོགས་ཀྱིས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གྲོགས་མེད་ཁེར་རྐྱང་དུ་ལུས། ཨ་མི་རི་ཀས་ཐེ་ཝན་ལ་འབྲེལ་བ་ཡར་རྒྱས་གཏོང་གི་ཡོད་པས་རྒྱ་ནག་གིས་རྒྱ་གར་དགྲ་རུ་འཛིན་འདོད་མེད་པར་གྱུར། རྒྱ་གར་ནི་ཨ་རི་དང་ཉི་ཧོང་། ཨོ་གླིང་བཅས་བཞི་འབྲེལ་རྒྱལ་ཁབ་ཀྱི་ཚོགས་འཐུས་ཤིག་ཡིན་པ་དང་ཧི་མ་ལ་ཡའི་ལྗོངས་ཀྱི་དམག་གི་སྟོབས་ཆེན་རྒྱལ་ཁབ་ཅིག་རེད། གཉིས་པ་དེར་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་འགྲོ་གྲབས་ཡོད་པ་དང་རྒྱ་ནག་གི་དཔལ་འབྱོར་ཉམས་ཆག རྒྱ་གར་གྱིས་ཀྱང་ཏོག་དབྱིབས་ནད་ཡམས་རྗེས་སུ་དཔལ་འབྱོར་སླར་གསོ་བྱ་ཐབས་ཀྱི་འབད་བརྩོན་ཆེན་པོ་བྱེད་ཀྱི་ཡོད་པ་དང་རྒྱ་ནག་ནི་རྒྱ་གར་གྱི་ཚོང་གྲོགས་རྒྱལ་ཁབ་ཨང་དང་པོ་ཡིན་ཞིང་། འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་འགྲོ་ཉན་ཡོད་པའི་སྐབས་འདིར་ཕྱོགས་གཉིས་ཀར་ཚོང་ལས་ཀྱི་ཁེ་ཕན་ཡོད་པ་རྣམས་བློས་གཏོང་འདོད་མེད་པ་ར་འཕྲོད། གསུམ་པ་དེར་རྒྱ་གར་གྱིས་ཞིན་ཅང་གི་དོན་དུ་རྒྱ་ནག་ལ་ངོ་རྒོལ་གྱི་འོས་ཤོག་འཕངས་ན་ཁེ་ཕན་ཅི་ཡང་མི་ཐོབ། ༢༠༡༤་ལོར་ན་རན་དྷ་ར་མོ་དྷིས་སྲིད་དབང་བཟུང་སྟེ་ཧིན་རྡུའི་ལྟ་གྲུབ་སླར་གསོ་དང་ཁ་ཆེ་ནི་ཀླ་ཀློ། ཡེ་ཤུའི་ཆོས་ལུགས་ཁྱབ་སྤེལ་བ་རྣམས་ཁྲམ་པ། མའོ་ཙེ་ཏུང་གི་ལྟ་བའི་རྗེས་འབྲང་བ་རྣམས་དྲག་སྤྱོད་པར་བརྩིས་ནས་ནོན་སྡོམ་བྱེད་ཀྱི་ཡོད་པར་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་མཚམས་ཚིགས་མེད་པར་ཁ་རྡུང་གཏོང་འགོ་ཙུགས། དེས་ན་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱས་ན་ཕན་གནོད་ཅི་ཞིག་ཡོད་མེད་རྒྱ་གར་གྱིས་ལེགས་པར་ཤེས། གལ་སྲིད་རྒྱ་གར་གྱིས་རྒྱ་ནག་ལ་སྐྱོན་བརྗོད་བྱས་ན་ཚུར་ལའང་སྐྱོན་བརྗོད་ཀྱི་སྒོ་མོ་འབྱེད་རྒྱུ་ཤེས་རྟོགས་བྱུང་སྟེ་འོས་ཤོག་མ་འཕངས་པ་རེད་ཅེས་བསྟན།།

རྒྱ་གར་གྱི་གསར་འགྱུར་ལས་ཁང་གིས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་ཡར་རྒྱས་འགྲོ་དགོས་པའི་རྒྱུ་མཚན་བཞི་པ་ནི་ཇཱོ་བྷ་ཌན་གྱི་འགོ་ཁྲིད་འོག་ཏུ་ཨ་མི་རི་ཀ་ཡིད་རྟོན་རུང་བ་ཞིག་མིན་ཞིང་། དཔེར་ན་ཨ་མི་རི་ཀའི་དམག་དཔུང་རྣམས་ཨབ་གྷ་ཎི་སི་ཐན་ནས་ཕྱིར་འཐེན་བྱས་ཏེ་ཏ་ལི་བྷན་གྱི་སྲིད་དབང་སླར་གསོ་བྱུང་། ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་ཁ་ཆེའི་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་རྣམས་རྩ་བ་ཚུགས། དེར་བརྟེན་ཨབ་གྷ་ཎི་སི་ཐན་ནས་པ་ཀི་སི་ཐན། བངྒ་ལ་བཅས་ཀྱི་ཁ་ཆེ་དྲག་སྤྱོད་པ་རྣམས་གོ་འཕང་མཐོ་རུ་ཕྱིན་ཏེ་བློ་ཁོག་རྙེད། ཨ་རི་དང་དབྱིན་ཇི། ཁེ་ན་ཌ་དང་འཇར་མན་ཎི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ས་ཐོག་ཏུ་རྒྱ་གར་དགྲ་འཛིན་གྱི་ཚོགས་པ་ཁག་ལ་ནོན་སྡོམ་མེད་པར་ལས་འགུལ་སྤེལ་དུ་འཇུག་གི་ཡོད་པར་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གསར་འགྱུར་ལས་ཁང་དེ་ཚོས་སྲིད་བློན་མོ་དྷིའི་གཞུང་ལ་སྐྱོན་བརྗོད་བྱ་རྒྱུ་ཤུགས་ཆེ་རུ་སོང་། རྒྱ་གར་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཡིད་ཆེས་བྱེད་ཐུབ་པའི་ཆ་རྐྱེན་ཞིག་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སྒྲུབ་ཀྱི་མེད་ཅིང་། ལྔ་པ་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་དུ་རྒྱ་ནག་དང་ཁ་ཆེའི་རྒྱལ་ཁབ་ཁག་རྒྱ་གར་གྱི་ཕྱོགས་སུ་འགུགས་དགོས་པ་གནད་འགག་ཆེན་པོ་ཡིན་པ་ངོས་ཟིན་པ་རེད་ཅེས་གནས་ཚུལ་སྤེལ། ཡིན་ནའང་ནུབ་ཕྱོགས་ཀྱི་ཉམས་ཞིབ་པ་ཚོས་རྒྱ་གར་ནི་ཡིད་ཆེས་བློ་འགེལ་བྱེད་ཆོག་པའི་རྒྱལ་ཁབ་ཅིག་མ་རེད། རྒྱ་གར་གྱིས་རང་ལ་ཁེ་ཕན་ཡོད་པ་དང་རང་གི་སྲུང་སྐྱོབ་ལ་ཐུག་ན་དམངས་གཙོ་དང་རང་དབང་། རྒྱལ་སྤྱིའི་ཁྲིམས་དང་སྒྲིག་སྲོལ། ལྟ་གྲུབ་མཐུན་པའི་ཟླ་གྲོགས་རྒྱལ་ཁབ་ཁག་ཅེས་ཁ་གཡང་སྒྲོགས་ཀྱི་ཡོད་ཀྱང་ཡུཀ་རེན་གྱི་དམག་འཁྲུག་སྐབས་སུ་རྒྱ་གར་མཐའ་གཅིག་ཏུ་ཨུ་རུ་སུའི་ཕྱོགས་སུ་ལངས། རྒྱ་གར་གྱིས་གནས་སྐབས་རིང་ཨུ་རུ་སུ་ནས་རྡོ་སྣུམ་རིན་གོང་ཁེ་པོ་ཞིག་ནང་འདྲེན་བྱེད་ཐུབ་ཀྱི་ཡོད་པའི་ཁེ་ཕན་འབའ་ཞིག་ལ་བལྟས་ནས་རང་དབང་དང་དམངས་གཙོ། རྒྱལ་སྤྱིའི་ཁྲིམས་དང་སྒྲིག་སྲོལ། རང་བཙན་རྒྱལ་ཁབ་ཅིག་གི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་གོང་བཀུར་བྱ་དགོས་པའི་རྩ་དོན་རྣམས་རླུང་ལ་བསྐུར་བ་རེད། འདས་པའི་ལོ་༢༠་ལྷག་གི་རིང་ཨ་མི་རི་ཀ་དང་ནུབ་ཆིངས་ཀྱི་དམག་གིས་ཨབ་གྷ་ཎི་སི་ཐན་ལ་སྲུང་སྐྱོབ་བྱས་པའི་སྐབས་དེར་རྒྱ་གར་ལ་ཞི་བདེ་བརྟན་ལྷིང་གི་ཁེ་ཕན་ཐོབ། ད་ལྟ་ཨ་མི་རི་ཀའི་དམག་དཔུང་ཕྱིར་འཐེན་བྱས་པའི་སྐབས་སུ་རྒྱ་གར་གྱིས་ཨ་རི་སོགས་ཡིད་རྟོན་རུང་བ་ཞིག་མ་རེད་ཅེས་ཁ་གཏོང་གི་ཡོད་པ་རེད། རྒྱ་གར་གྱིས་རྒྱལ་ཁབ་གཞན་པའི་བདེ་འཇགས་སྲུང་སྐྱོབ་ལ་ལེགས་སྐྱེས་ཕུལ་བ་དཀོན་པོ་རེད་ཅེས་ལྟ་ཚུལ་ལྟ་དད་ཅིག་བརྗོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG