ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

རྒྱ་གར་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་འབྲུག་ཡུལ་དུ་ཕྱོགས་སྐྱོད། 


Photo: PM Bhutan Twitter
Photo: PM Bhutan Twitter

༄༅།། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་སུན་ཝེ་ཏུང་འབྲུག་ཡུལ་དུ་ཉིན་གསུམ་རིང་འཚམས་འདྲིར་བསྐྱོད་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༠་པའི་ཚེས་༡༦་ཉིན་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཉེ་ཆར་རྒྱ་ནག་གི་གཞུང་ཚབ་པ་སུན་ཝེ་ཏུང་འབྲུག་ཡུལ་དུ་བསྐྱོད་ནས་སྲིད་བློན་བློ་གྲོས་ཚེ་རིང་དང་ཐུག་འཕྲད་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་གྲོས་མོལ་བྱས་རེད་ཅེས་གཟའ་སྤེན་པའི་དགོང་མོར་ལྡི་ལི་གསར་པར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་སྤེལ་བའི་གནས་ཚུལ་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ་འདུག གཟའ་ཉི་མའི་ཉིན་རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཁང་གི་མཐའ་མཚམས་ཞིབ་འཇུག་ཚན་པའི་ཉམས་ཞིབ་པ་ཀྲང་ཡུང་པན་གྱིས་རྒྱ་འབྲུག་གཉིས་ཀས་ཕྱི་འབྲེལ་བཙུགས་མེད་ཀྱང་སུན་ཝེ་ཏུང་འབྲུག་ཡུལ་དུ་འཚམས་འདྲིར་བསྐྱོད་པ་ནི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་བར་བཟང་ཕྱོགས་ཀྱི་གོམ་པ་མདུན་སྤོས་བྱས་པ་ཞིག་རེད། ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་ནས་ཕྱོགས་གཉིས་ཀྱི་མི་དམངས་དང་མི་དམངས་ཀྱི་འབྲེལ་བ་ཚུགས་རྒྱུ། རྒྱ་འབྲུག་གཉིས་ཀྱིས་༢༠༢༡་ལོར་ས་མཚམས་ཀྱི་གྲོས་མོལ་བྱེད་པར་ལམ་སྟོན་རིམ་པ་གསུམ་གྱི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་པ་ལག་ལེན་བསྟར་ཐུབ་རྒྱུའི་ཆ་རྐྱེན་དུ་འགྱུར་སྲིད་པའི་རེ་ལྟོས་འཆང་གི་ཡོད་པའི་གནས་ཚུལ་སྤེལ་འདུག

ལྡི་ལི་གསར་པར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་གསལ་བསྒྲགས་དེར་ཕྱི་ཟླ་༡༠་པའི་ཚེས་༡༠་ནས་ཚེས་༡༣་བར་དུ་ཉི་མ་གསུམ་ལ་རྒྱ་གར་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་འབྲུག་ཡུལ་དུ་འཚམས་འདྲིར་བསྐྱོད་པའི་སྐབས་དེར་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དང་སྲིད་བློན་བློ་གྲོས་ཚེ་རིང་། ཕྱི་སྲིད་བློན་ཆེན་རྟ་མགྲིན་ཚེ་རིང་སོགས་འབྲུག་ཡུལ་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོར་ཐུག་འཕྲད་གྲོས་མོལ་བྱས་ཡོད་པ་རེད་ཅེས་འཁོད། སུན་ཝེ་ཏུང་གིས་རྒྱ་ནག་ཕྱོགས་ནས་ལམ་སྟོན་རིམ་པ་གསུམ་གྱི་གྲོས་མཐུན་ལག་ལེན་བསྟར་ཏེ་ཕྱོགས་གཉིས་ཀྱི་མཛའ་འབྲེལ་རྒྱུན་འཁྱོངས་དང་མཉམ་འབྲེལ་རྒྱ་བསྐྱེད་ཀྱིས་ཁེ་ཕན་ཐོབ་ཐབས། ས་མཚམས་ཀྱི་གྲོས་མོལ་ཡར་རྒྱས་བཏང་སྟེ་འབྲུག་ཡུལ་དང་རྒྱ་ནག་གི་འབྲེལ་བ་གསར་པ་ཞིག་ཚུགས་ཐུབ་པར་ཤུགས་སྣོན་བརྒྱབ་ནས་ཕྱོགས་གཉིས་ཀྱི་མི་དམངས་ལ་ཁེ་ཕན་བསྐྲུན་འདོད་ཡོད། འབྲུག་ཡུལ་གྱིས་རྒྱ་ནག་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པར་རྗེས་སུ་ཡི་རང་ཞུ། རྒྱ་ནག་གིས་འབྲུག་ཡུལ་གྱི་རང་བཙན་དང་བདག་དབང་། མངའ་ཁོངས་གོང་བུ་གཅིག་གྱུར་བཅས་ལ་བརྩི་འཇོག་བྱེད་ཀྱི་ཡོད་ཅེས་གྲོས་མོལ་བྱས་པའི་གནས་ཚུལ་སྤེལ་འདུག ཡིན་ནའང་འབྲུག་ཡུལ་གྱི་གསར་འགྱུར་ལས་ཁང་ཁག་དང་རྒྱ་གར་གྱི་གསར་འགྱུར་ལས་ཁང་ཆེ་ཁག་གིས་ལྡི་ལི་གསར་པར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་འབྲུག་ཡུལ་དུ་འཚམས་འདྲིར་བསྐྱོད་པའི་གསར་འགྱུར་སྤེལ་བ་དྲྭ་ལམ་དུ་རྙེད་རྒྱུ་དཀོན་ཅིང་། ཉམས་པ་ཁག་ཅིག་གིས་རྒྱ་གར་དང་འབྲུག་པའི་གཞུང་གིས་བསམ་བཞིན་རྒྱ་ནག་གི་གཞུང་ཚབ་པའི་འཚམས་འདྲི་དེ་གསར་འགྱུར་ནང་དུ་མ་བཀོད་པ་རེད་ཅེས་གླེང་།།

རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་གྱིས་པེ་ཅིང་དང་ཐིམ་ཕུའི་འབྲེལ་བ་ཡག་ཏུ་གཏོང་ཐབས་དང་ལྡི་ལི་གསར་པར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་འབྲུག་ཡུལ་དུ་འཚམས་འདྲིར་བསྐྱོད་པ་ནི་གསར་འགྱུར་ཆེན་པོ་ཞིག་ཏུ་བརྩིས། ཡིན་ནའང་ཕྱི་ཟླ་༩་པའི་ཚེས་༢༩་ཉིན་དེ་རིང་གི་འཛམ་གླིང་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་འབྲུག་པའི་ས་ཐོག་ཏུ་གྲོང་གསེབ་འཛུགས་སྐྲུན་བྱས་ནས་འབྲུག་ཡུལ་ལ་གནོན་ཤུགས་སྤྲད་དེ་ས་ཆ་ཧམ་འཕྲོག་བྱེད་ཀྱི་འདུག དེའི་ཞོར་དུ་རྒྱ་ནག་གིས་ལྷོ་ཨེ་ཤི་ཡའི་དམག་གི་སྟོབས་ཆེན་རྒྱལ་ཁབ་རྒྱ་གར་ལ་འཕོག་ཐུག་གཏོང་གི་ཡོད་པ་དང་འཛམ་གླིང་ས་ཡི་ཡང་རྩེར་འཁྲུག་རྩོད་ཅིག་ལང་སྲིད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་དགོས་ཀྱི་འདུག་ཅེས་གནས་ཚུལ་སྤེལ། དེ་རིང་གི་འཛམ་གླིང་ཞེས་པས་གསར་ཁང་གིས་འབྲུག་པའི་ས་ཆའི་བརྒྱ་ཆ་༡༢་རྒྱ་ནག་གིས་ཧམ་རྩོད་བྱེད་ཀྱི་ཡོད་པར་མ་ཟད། ༢༠༡༧་ནས་རྒྱ་ནག་གི་དབུས་དམག་དོན་ལྷན་ཁང་གིས་འབྲོག་ལམ་དང་ཇ་མཁར་ལུང་། དཔག་བསམ་ལུང་སོགས་ལ་སིམ་འཛུལ་བྱ་དགོས་པའི་བཀའ་བཀོད་བཏང་ཡོད་པར་སྣང་། དེ་བཞིན་འབྲུག་གི་ཤར་ཕྱོགས་སུ་ཆགས་པའི་གསེག་སྟེང་ཡང་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་ཧམ་རྩོད་བྱེད་འགོ་ཚུགས་སོང་། ས་ཆ་དེ་རྣམས་མཉམ་དུ་བསྡོམས་ན་འབྲུག་པའི་ས་ཆའི་བརྒྱ་ཆ་༡༢་ཟིན་གྱི་འདུག་ཨོ་གླིང་གི་འཐབ་ཇུས་སྲིད་ཇུས་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ནེ་ཐན་རུ་སེར་གྱིས་བཤད་འདུག འབྲུག་ཡུལ་གྱིས་འཁྲུག་རྩོད་མི་སློང་བར་རྒྱ་ནག་ལ་གྲོས་མོལ་བྱ་རྒྱུ་དང་འབྲུག་པའི་ས་ཐོག་ཏུ་རྒྱ་ནག་གིས་གྲོང་གསེབ་འཛུགས་སྐྲུན་བྱས་ཀྱང་ཡོངས་གྲགས་སུ་ངོ་རྒོལ་མ་བྱས་ཤིང་། འབྲོག་ལམ་རྒྱ་ནག་ལ་སྤྲད་ན་རྒྱ་གར་ལ་འཕོག་ཐུག་འགྲོ་རྒྱུ་དང་རྒྱ་ནག་གི་དགོས་འདུན་མ་སྐོང་ན་ས་ཆ་མང་ཙམ་ཧམ་འཕྲོག་བྱ་རྒྱུའི་ཉེན་ཁ་ཡོད་པས་འབྲུག་ཡུལ་ལ་གདམས་ཀ་ཡག་པོ་གཅིག་ཀྱང་མེད་པའི་གནས་ཚུལ་ཐོན་འདུག

འབྲུག་གཞུང་གིས་ས་ཆ་སྤྲད་ནས་ཞི་བདེ་བསྐྲུན་རྒྱུའི་རྩ་དོན་ལ་མོས་མཐུན་བྱས་མེད་པ་དང་ཕྱོགས་གཉིས་ཀྱི་གྲོས་མཐུན་ལག་ལེན་བསྟར་རྒྱུ་ནར་འགྱངས་བཏང་ནས་རྒྱ་ནག་གི་ཧམ་སེམས་འགོག་ཐབས་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར། དེས་ན་རྒྱ་དཀར་ནག་གཉིས་དང་འབྲུག་ཡུལ་གསུམ་གདོང་ཐུག་འབྱུང་སྲིད་པའི་མཚམས་སུ་བསླེབས། འབྲུག་པའི་གཞུང་གིས་འཐབ་འཁྲུག་ཅིག་ནམ་ཡང་རྒྱག་མི་དགོས་པའི་རེ་ལྟོས་འཆང་། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ནས་བོད་པ་བཙན་བྱོལ་བ་སྟོང་ཕྲག་མང་པོ་རྒྱ་བལ་འབྲུག་གསུམ་དུ་འབྱོར་ཡོད་པས་རྒྱ་ནག་གི་ཧམ་སེམས་ཅི་ཡིན་འབྲུག་ཡུལ་གྱིས་རྒྱུས་མངའ་ཟབ་མོ་ལོན། ༢༠༢༠་ལོར་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལག་འཛིང་ཐུག་སྟེ་རྒྱ་གར་གྱི་དམག་མི་༢༠་བསད་ནས་བཟུང་། རྒྱ་གར་གཞུང་དམངས་གཉིས་རྒྱ་ནག་ལ་ཡིད་ཆེས་མེད་པ་དེ་བས་ཀྱང་ཇེ་སྡུག་ཏུ་སོང་། རྒྱ་ནག་གིས་བོད་འབྲུག་ས་མཚམས་ཀྱི་ས་སྟོང་ཁག་ཏུ་གྲོང་གསེབ་འཛུགས་སྐྲུན་བྱས་ནས་ས་ཆ་བཙན་གྱིས་བཟུང་། རྒྱ་གར་གྱི་བདེ་འཇགས་ཚན་ཁག་གི་ལས་སྣེ་ཚོར་སྔོན་ནས་དེ་འདྲ་ཞིག་འབྱུང་རྒྱུ་ཡིན་པའི་བློ་དོགས་ཡོད་པ་དོན་དངོས་སུ་གྱུར། རྒྱ་ནག་ལ་ཧི་མ་ལ་ཡའི་ལྗོངས་ཀྱི་གནས་བབ་དེ་ཉིད་བསྒྱུར་འདོད་ཡོད་པ་ར་འཕྲོད། མི་འབོར་འབུམ་༨་ཡས་མས་ཤིག་ལས་མེད་པའི་འབྲུག་ཡུལ་ལ་རྒྱ་གར་གྱིས་སྲུང་སྐྱོབ་བྱ་རྒྱུ་དང་འབྲུག་ཡུལ་གྱི་ཕྱི་སྲིད་རྒྱ་གར་ལ་བསྟུན་རྒྱུ། འབྲུག་པའི་དམག་ལ་རྒྱ་གར་གྱིས་སྦྱོང་བརྡར་སྤྲོད་རྒྱུ་དང་འབྲུག་པའི་རྒྱལ་སྲུང་ལ་རྒྱ་གར་གྱིས་འགན་ལེན་བྱ་རྒྱུའི་གྲོས་མཐུན་བཞག ད་ལྟ་འབྲུག་ཡུལ་ནི་རྒྱ་དཀར་ནག་གི་འཐབ་རྩོད་ཆེན པོ་ཞིག་གི་བར་དུ་ཚུད་རྒྱུའི་ཉེན་ཁ་ཆེ་ཞིང་། འདས་པའི་ལོ་གསུམ་གྱི་རིང་རྒྱ་ནག་གིས་འབྲུག་པའི་ས་ཐོག་ཏུ་གྲོང་གསེབ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་དང་རྒྱ་ནག་གིས་ཧམ་འཕྲོག་བྱེད་ཀྱི་ཡོད་པའི་ས་ཆ་དེ་རྣམས་དམག་དོན་འཐབ་ཇུས་ལ་གནད་འགག་ཆེན་པོ་ཞིག་རེད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG