ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

འབྲུག་ཡུལ་གྱིས་ནག་རྫས་ཉུང་འཕྲི་དང་ཁོར་ཡུག་སྲུང་སྐྱོབ།  


༄༅།། འབྲུག་ཡུལ་གྱིས་ཁོར་ཡུག་སྲུང་སྐྱོབ་དང་ནག་རྫས་དུད་རླངས་ཉུང་དུ་བཏང་བའི་གྲུབ་འབྲས་ལ་རྒྱལ་སྤྱིའི་ཐོག་ཏུ་བསྔགས་བརྗོད་ཐོབ། ཕྱི་ཟླ་༡༠་པའི་ཚེས་༣་ཉིན་ཉི་ཧོང་གི་ཎི་ཀེ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་རྒྱལ་ཁབ་ཁག་གིས་ལོ་མང་རྗེས་སུ་ནག་རྫས་རྩ་འགོག་བྱ་རྒྱུའི་དམིགས་ཚད་འཛིན་གྱི་ཡོད་ཀྱང་འབྲུག་ཡུལ་ནི་ནག་རྫས་ཉུང་འཕྲིའི་རྒྱལ་ཁབ་ཨང་དང་པོ་དེར་གྱུར་ཟིན་ཡོད་ཅིང་། འབྲུག་ཡུལ་དུ་ནག་རྫས་དུད་རླངས་ཕྱི་ལ་གཏོང་རྒྱུའི་ཚབ་ཏུ་ནག་རྫེས་འཇིབ་འཐེན་བྱས་ནས་འཚོ་རླུང་ཕྱི་ལ་གཏོང་རྒྱུ་མང་དུ་བཏང་འདུག འབྲུག་ཡུལ་ལ་མི་འབོར་འབུམ་༨་ཡས་མས་ཤིག་ལས་མེད་པ་དང་ས་ཁྱོན་ནི་ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌི་ལས་ཀྱང་ཆུང་། འབྲུག་ཡུལ་གྱི་དཔལ་འབྱོར་ཡོང་འབབ་གཙོ་བོ་ནི་ཡུལ་སྐོར་སྤྲོ་འཆམ་ལ་བརྟེན། འབྲུག་པའི་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱུ་གཙིགས་སུ་བཟུང་། ད་ལྟ་འབྲུག་ཡུལ་དང་པ་ན་མ། སུ་རི་ན་མེ་རྒྱལ་ཁབ་གསུམ་ནི་འཛམ་གླིང་གི་ནག་རྫས་ཉུང་འཕྲི་བྱེད་ཐུབ་ཀྱི་ཡོད་པའི་རྒྱལ་ཁབ་གསུམ་དེར་གྱུར། སྔ་ལོ་དབྱིན་ཇིའི་སི་ཀོ་ཊི་ལན་ཌིར་ཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་ཚོགས་ཆེན་ཐོག་ཏུ་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐེབས་ཀྱི་ཡོད་པ་འགོག་ཐབས་ཀྱི་ལས་འགན་བསྒྲུབ་དགོས་ཞེས་གྲོས་ཆོད་བཞག་སྟེ་ཤིང་ནགས་སྲུང་སྐྱོབ་བྱ་དགོས་པ་དང་ཉི་མ། རླུང་སོགས་རང་བྱུང་གི་ནུས་ཤུགས་འབྱུང་ཁུངས་རྣམས་བཀོལ་སྤྱོད་བྱ་རྒྱུ་མང་དུ་གཏོང་དགོས་པའི་གྲོས་ཆོད་བཞག་པ་རེད་ཅེས་གནས་ཚུལ་སྤེལ་འདུག

འབྲུག་གཞུང་གིས་ལོ་༢་དང་ཕྱེད་ཀ་ལྷག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་ཕྱི་ལ་སྒོ་བརྒྱབ། ཉེ་ཆར་ཕྱི་ཟླ་༩་པའི་ཚེས་༢༣་ཉིན་འབྲུག་ཡུལ་གྱིས་ཕྱི་ལ་སྒོ་མོ་ཕྱེ་ནས་ཉིན་ལྟར་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རེར་ཨ་སྒོར་༢༠༠་ནས་༢༥༠་ཐམ་པའི་འགྲུལ་ཁྲལ་བསྡུས། འགྲུལ་ཁྲལ་དེ་རྣམས་ཁོར་ཡུག་སྲུང་སྐྱོབ་དང་སྤྱི་ཚོགས་ཡར་རྒྱས། རིག་གཞུང་གཅེས་འཛིན་བཅས་ཀྱི་ལས་དོན་ཁག་རྒྱུན་འཁྱོངས་བྱེད་པར་འགྲོ་གྲོན་གཏོང་གི་ཡོད་པར་མ་ཟད། འབྲུག་གཞུང་གིས་སྐྱེ་ཁམས་དང་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཡུལ་སྐོར་སྤྲོ་འཆམ་པའི་མི་ཚོགས་དང་རླངས་འཁོར་གྱི་འཚང་ཁ་འགོག་རྒྱུ་གལ་འགངས་ཆེན་པོར་བརྩིས། འབྲུག་ཡུལ་གྱི་དཔལ་འབྱོར་བློན་ཆེན་ལོཀ་ན་ཐ་ཤར་མས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་དཔལ་འབྱོར་འཕེལ་རྒྱས་ལས་ཀྱང་གལ་གནད་ཆེ་ཞེས་བསྟན། འབྲུག་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་གི་དྲུང་ཆེ་བསོད་ནམས་དབང་འདུས་ཀྱིས་རྒྱལ་ཐོག་བཞི་པ་འཇིགས་མེད་སིངྒེ་དབང་ཕྱུག་གིས་རྒྱལ་སྲིད་བསྐྱངས་ནས་བཟུང་སྟེ་ལོ་བཅུ་ཕྲག་ལྔའི་རིང་འབྲུག་ཡུལ་གྱིས་ནག་རྫས་ཉུང་དུ་བཏང་ཡོད་ཅེས་བཀྲལ། ༢༠༠༨་ལོར་གཏན་ལ་ཕབ་པའི་འབྲུག་ཡུལ་གྱི་རྩ་ཁྲིམས་སུ་རྒྱལ་ཁབ་ཀྱི་ས་ཁྱོན་བརྒྱ་ཆ་༦༠་ཐམ་པ་ནག་ཚལ་དུ་འཇོག་དགོས་ཞེས་འཁོད། ལོ་རབས་༩༠་པའི་ནང་དུ་ཤིང་ཆ་ཕྱིར་ཚོང་བྱས་ནས་འབྲུག་ཡུལ་གྱི་ནགས་ཚལ་ས་ཁྱོན་བརྒྱ་ཆ་༦༠་པ་ནས་ཉུང་དུ་ཕྱིན་ཀྱང་འདས་པའི་ལོ་བཅུའི་རིང་འབྲུག་གཞུང་གིས་ཁ་ལོ་བ་མེད་པའི་འཕུར་གྲུ་བཏང་བ་དང་ནགས་ཚལ་རྟོག་ཞིབ་ཀྱི་འཕྲུལ་ཆས་བཙུགས། ཁྲིམས་འགལ་གྱི་ཤིང་ཆའི་ཚོང་ལས་རྣམས་བཀག་སྡེ་༢༠༢༠་ལོར་འབྲུག་ཡུལ་གྱི་ནགས་ཚལ་ས་ཁྱོན་བརྒྱ་ཆ་༧༡་བར་དུ་སླར་གསོ་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

ཎི་ཀེ་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་ཡུལ་གྱི་གློག་གི་འབྱུང་ཁུངས་ཀྱང་ཆུ་ཤུགས་གློག་ཁང་ཡིན་པ་དང་རྫས་ལུད་སོགས་རྒྱག་མི་དགོས་པར་སྲོལ་རྒྱུན་གྱི་ཞིང་ལས་དར་སྤེལ་ལ་ཡར་སྐུལ། ༢༠༡༥་ལོར་འབྲུག་ཡུལ་གྱི་ནགས་ཚལ་ཁག་གིས་ནག་རྫས་དུད་རླངས་ཊོན་ས་ཡ་༧.༧༥་འཇིབ་འཐེན་བྱས་པ་དང་འབྲུག་ཡུལ་དུ་ནག་རྫས་དུད་རླངས་ཊོན་ས་ཡ་༢.༡༨་ལས་བཏང་མི་འདུག ཕྱིའི་རྒྱལ་ཁབ་ཁག་གི་ས་གནས་འགའ་ཤས་ཀྱིས་འབྲུག་ཡུལ་ལ་མིག་དཔེ་བལྟས་ནས་ནག་རྫས་ཉུང་འཕྲི་བྱ་རྒྱུ་མགོ་བརྩམས། དཔེར་ན་ཉི་ཧོང་གི་ལྷོ་ནུབ་ཕྱོགས་སུ་ཆགས་ཡོད་པའི་ཀུ་ནི་ས་ཀི་གྲོང་ཁྱེར་གཞུང་གིས་༢༠༥༠་ཐམ་པའི་ནང་ཚུད་དུ་ནག་རྫས་དུད་རླངས་མེད་པར་གཏོང་རྒྱུའི་དམིགས་ཚད་བཟུང་། ས་གནས་དེའི་གཞུང་གིས་སྤྱི་དམངས་ནགས་ཚལ་གྱི་ཤིང་སྡོང་རྙིང་པ་རྣམས་བཅད་པ་དང་དེའི་ཤུལ་དུ་ནག་རྫས་མང་བ་འཇིབ་འཐེན་ཐུབ་པའི་སྡོང་པོ་བཙུགས་ཏེ་ནག་རྫས་དུད་རླངས་ཉུང་དུ་གཏོང་བའི་ཚོང་ལས་ཀྱི་གོ་སྐབས་བླངས། འབྲུག་ཡུལ་དང་ཉི་ཧིང་གི་ཀུ་ནི་ས་ཀི་གྲོང་ཁྱེར་གཞུང་གི་ཐབས་ཇུས་དེ་དག་གིས་ནག་རྫས་དུད་རླངས་ཉུང་འཕྲི་དང་ས་གནས་ཀྱི་མི་དམངས་ལ་ལས་ཀའི་གོ་སྐབས་གསར་པ་བསྐྲུན། ད་དུང་ཕྱི་ལོགས་ནས་ཡུལ་སྐོར་སྤྲོ་འཆམ་པ་མང་བ་འགུགས་ཐུབ་པའི་དགེ་མཚན་ཆེ། དེང་སྐབས་འཛམ་གླིང་གི་ཡུལ་གྲུ་གང་སར་ཚ་རླབས་འཕྱུར་བ་དང་ཆུ་ལོག་རྒྱུག ཐན་པ་བྱུང་ནས་གནམ་གཤིས་འགྱུར་ལྡོག་གིས་ཤིང་ནགས་མེར་འཚིགས། ཞིང་ལས་དང་འབྲོག་ལས་ལ་གྱོང་གུད། རྒྱལ་ཁབ་ཁག་གི་དཔལ་འབྱོར་ལ་གནོད་སྐྱོན་འཕོག་རྒྱུ་ཇེ་མང་དུ་སོང་། དེར་བརྟེན་འབྲུག་ཡུལ་དང་པ་ན་མ། སུ་རི་ན་མེ་རྒྱལ་ཁབ་གསུམ་དང་ཉི་ཧོང་གི་ཀུ་ནི་ས་ཀི་གྲོང་ཁྱེར་གཞུང་ལ་འཛམ་གླིང་ཡོངས་ཀྱིས་མིག་དཔེ་བལྟས་ནས་ཉམས་མྱོང་ལེན་དགོས་པ་ཞིག་རེད་ཅེས་གནས་ཚུལ་སྤེལ་འདུག

ཉེ་ཆར་ཕྱི་ཟླ་༩་པའི་ཚེས་༡༢་ཉིན་ཧར་ཝར་ཌི་སློབ་གྲྭ་ཆེན་མོས་བཏོན་པའི་རྒྱལ་སྤྱིའི་བསྐྱར་ཞིབ་སྙོན་ཐོའི་ནང་དུ་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་ཁག་གིས་ལོ་ནས་ལོ་བསྟུད་དེ་ནག་རྫས་དུད་རླངས་ཉུང་འཕྲི་བྱ་རྒྱུའི་དམིགས་ཡུལ་འགྲུབ་ཀྱི་མེད་ཀྱང་འཛམ་གླིང་གི་རྒྱལ་ཁབ་ཆུང་ཆུང་འབྲུག་ཡུལ་གྱིས་ནག་རྫས་ཉུང་འཕྲིའི་དམིགས་ཡུལ་གྲུབ། འབྲུག་གཞུང་གིས་རང་ཡུལ་དུ་ནག་རྫས་ཉུང་འཕྲི་བྱས་པའི་ཞོར་དུ་ཆུ་ཤུགས་གློག་ཁང་ཁག་གི་གློག་རྣམས་རྒྱ་གར་ལ་ཕྱིར་ཚོང་བྱས་ནས་རྒྱ་གར་དུ་ནག་རྫས་ཉུང་དུ་གཏོང་ཐུབ་པའི་རོགས་ཕན་སྒྲུབ་ཀྱི་འདུག་ཅེས་འཁོད། ནག་རྫས་ཉུང་འཕྲི་ཞེས་པའི་ཐ་སྙད་དེ་འབྲུག་ཡུལ་གྱི་སྲིད་བློན་ཟུར་པ་ཚེ་རིང་སྟོབས་རྒྱལ་གྱིས་གསར་གཏོད་བྱས་པ་ཞིག་ཡིན་ཞིང་། དེ་ནི་འབྲུག་ཡུལ་གྱི་དཔལ་འབྱོར་ལས་རིགས་ཁག་ནས་བྱུང་བའི་ནག་རྫས་དུད་རླངས་ལས་ཀྱང་འབྲུག་ཡུལ་དུ་ཤིང་ནགས་བཙུགས་ཏེ་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ནས་ནག་རྫས་འཇིབ་འཐེན་བྱས་པ་ལྡབ་བཞི་མང་བ་ཡོད་པར་གོ་དགོས། འབྲུག་གཞུང་གིས་ནག་རྫས་ཉུང་དུ་གཏོང་རྒྱུའི་ཤུགས་སྣོན་རྒྱག་གི་ཡོད་ཀྱང་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྐོག་གིས་འབྲུག་ཡུལ་ལའང་ཆུའི་འབྱུང་ཁུངས་རྣམས་སྐམ། གངས་རི་དང་འཁྱོག་རོམ་རྣམས་ཞུ་སྟེ་དཀའ་ངལ་ཚབས་ཆེན་ཞིག་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཐོན། འབྲུག་ཡུལ་དུ་རྡུལ་ཕྲན་ནུས་ཤུགས་དང་རྡོ་སོལ། རྡོ་སྣུམ་སོགས་བུས་ནས་གློག་མཁོ་འདོན་བྱེད་མི་དགོས་པར་ཤུགས་ཆུ་གློག་འབའ་ཞིག་ལ་བརྟེན་ཏེ་རྒྱ་གར་ལ་གློག་ཕྱིར་ཚོང་བྱེད་ཐུབ་ཀྱི་ཡོད་མོད། འོན་ཀྱང་ད་དུང་ཡང་འབྲུག་ཡུལ་གྱི་གྲོང་གསེབ་ཁག་གི་ཁྱིམ་ཚང་༤༠༠༠་ལྷག་ལ་གློག་འཐེན་མ་ཐུབ། དེས་ན་འབྲུག་ཡུལ་གྱི་ལོ་ལྔའི་འཛུགས་སྐྲུན་འཆར་གཞིའི་ཁོངས་སུ་ཁྱིམ་ཚང་གཅིག་ཀྱང་མ་ལུས་པར་གློག་འཐེན་རྒྱུའི་འཆར་འགོད། ༡༩༩༩་ནས་འབྲུག་གཞུང་གིས་རི་སྐྱེས་སེམས་ཅན་གྱི་གནས་ཡུལ་ཟུར་འཇོག འཛམ་གླིང་གི་ཡུལ་གྲུ་གང་སར་རི་དྭགས་ཇི་སྙེད་ཅིག་ལོ་རེ་བཞིན་རྩ་སྟོང་དུ་འགྲོ་བཞིན་ཡོད་ཀྱང་འབྲུག་ཡུལ་དུ་རི་དྭགས་དཀོན་རིགས་རྣམས་གཅེས་སྐྱོང་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG