ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༢/༠༨/༡༠

འབྲུག་ཡུལ་གྱི་དཔལ་འབྱོར་སིངྒ་ལ་ལྟར་འགྱུར་གྱི་ཡོད་པ་ཡིན་ནམ། 


༄༅།། ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་ནད་ཡམས་དང་ཡུཀ་རེན་གྱི་དམག་འཁྲུག རྡོ་སྣུམ་དང་འབྲུ་རིགས་ཀྱི་རིན་གོང་འཕར་ནས་དཀའ་ངལ་འཕྲད་ཀྱི་ཡོད་པ་ཇི་བཞིན་འབྲུག་ཡུལ་ལའང་ལོ་གཉིས་ཀྱི་རིང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་དང་འབྲུག་གཞུང་གིས་ཏོག་དབྱིབས་ནད་པ་གཅིག་ཀྱང་མེད་པར་གཏོང་རྒྱུའི་སྲིད་ཇུས་ལག་བསྟར། འབྲུག་ཡུལ་ལ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་བཀག་སྟེ་དཔལ་འབྱོར་གྱི་ཡོང་འབབ་རྣམས་མཚམས་ཆད། ད་ལོ་ཡུཀ་རེན་གྱི་དམག་འཁྲུག་ལངས་ནས་རྡོ་སྣུམ་དང་འབྲུ་རིགས་ཀྱི་རིན་གོང་འཕར་ཏེ་འབྲུག་ཡུལ་ལ་དཔལ་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་འཕྲད་སྲིད་པའི་ཉེན་ཁ་ཆེ་རུ་སོང་། ༢༠༢༢་ལོར་སིངྒ་ལའི་དཔལ་འབྱོར་ཉམས་རྒུད་དང་པ་ཀི་སི་ཐན་གྱི་དཔལ་འབྱོར་ཉམས་རྒུད་འགྲོ་རྒྱུའི་མཚམས་སུ་བསླེབས། ཉེ་དུས་ཤིག་ནས་མི་འབོར་འབུམ་༨་ཡས་མས་ཤིག་ལས་མེད་པའི་འབྲུག་ཡུལ་གྱི་དཔལ་འབྱོར་གནས་སྟངས་ཀྱང་གང་འདྲ་ཞིག་ཏུ་འགྱུར་རྒྱུ་ཡིན་མིན་ངེས་གཏན་མེད་པའི་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་སོང་།།

ཕྱི་ཟླ་༨་པའི་ཚེས་༡་ཉིན་ཨེ་ཤི་ཡའི་གསར་འགྱུར་དྲྭ་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་ཡུལ་གྱི་ནོར་སྲིད་བློན་ཆེན་རྣམ་རྒྱལ་ཚེ་རིང་གིས་ལོ་འདིའི་མགོ་སྟོད་ཟླ་བ་༦་གི་རིང་འབྲུག་ཡུལ་གྱིས་ཕྱི་ནས་དངོས་ཟོག་ནང་འདྲེན་བྱས་པའི་གྲངས་འབོར་ནི་༢༠༢༡་ལོར་དངོས་ཟོག་ནང་འདྲེན་བྱས་པའི་ཚད་དང་མཉམ་ཞིང་། ཏོག་དབྱིབས་ནད་ཡམས་ཁྱབ་གདལ་སྔོན་འགོག་གི་སྒྲིག་གཞི་ཁག་ཕྱིར་འཐེན་བྱས་པའི་སྟབས་ཀྱིས་འབྲུག་ཡུལ་ལ་དངོས་ཟོག་ནང་འདྲེན་བྱ་རྒྱུ་མང་དུ་ཕྱིན་པ་རེད། ༢༠༢༡་ལོར་འབྲུག་ཡུལ་གྱིས་དངུལ་སྒོར་ཐེར་འབུམ་༩༠་དང་གྲངས་ཆུང་༢༢་ཀྱི་དངོས་ཟོག་ནང་འདྲེན་བྱས་འདུག ༢༠༢༠་ལོར་དངུལ་སྒོར་ཐེར་འབུམ་༦༦་དང་གྲངས་ཆུང་༦༣་གྱི་དངོས་ཟོག་ནང་འདྲེན་བྱས་པ་རེད། སྔ་ལོ་འབྲུག་ཡུལ་གྱིས་ཕྱི་ནས་དངོས་ཟོག་ནང་འདྲེན་བྱ་རྒྱུ་དངུལ་སྒོར་ཐེར་འབུམ་༣༢་མང་དུ་ཕྱིན་འདུག འབྲུག་གཞུང་དམངས་གཉིས་ཀྱིས་དཀའ་ངལ་འདི་ངེས་པར་དུ་སེལ་ཐབས་བྱ་དགོས། གལ་སྲིད་ང་ཚོས་དངོས་ཟོག་ནང་འདྲེན་བྱ་རྒྱུ་མང་དྲགས་ནས་ཕྱིར་ཚོང་དང་ནང་འདྲེན་གཉིས་ཁ་མ་མཚུངས་པ་ཞིག་ཏུ་གྱུར་ཚེ། འབྲུག་གཞུང་གིས་ཕྱི་རྒྱལ་གྱི་དངུལ་ལོར་གསོག་འཇོག་བྱེད་ཡོད་པ་རྣམས་ཚར་རྒྱུ་ཡིན་པ་དང་འབྲུག་ཡུལ་ལའང་སིངྒ་ལར་འཕྲད་བཞིན་པའི་དཀའ་ངལ་གཅིག་མཚུངས་ཤིག་འཕྲད་རྒྱུ་ཡིན་པ་ཉག་གཅིག་རེད་ཅེས་ནན་བརྗོད་བྱས་འདུག འབྲུག་སྒོར་དང་ཨ་སྒོར་གྱི་འཛའ་ཐང་ནི་ཨ་སྒོར་༡་ལ་འབྲུག་སྒོར་༧༩.༧༥་ཡས་མས་ཤིག་ཡིན་འདུག

ནོར་སྲིད་བློན་ཆེན་རྣམ་རྒྱལ་ཚེ་རིང་གིས་འབྲུག་ཡུལ་ལ་ཕྱི་རྒྱལ་གྱི་དངུལ་སྒོར་ཅི་ཙམ་ཡོད་མེད་གྲངས་འབོར་གསལ་པོ་ཞིག་ཕྱིར་བསྒྲགས་བྱས་མེད་མོད། འོན་ཀྱང་འབྲུག་གཞུང་གིས་ལོ་གཅིག་དང་ཟླ་བ་༢་ལ་ཕྱི་ནས་དངོས་ཟོག་ནང་འདྲེན་བྱེད་ཐུབ་པའི་ཕྱི་རྒྱལ་གྱི་དངུལ་སྒོར་གསོག་འཇོག་བྱེད་ཡོད་ཅེས་བསྒྲགས། འབྲུག་གི་རྩ་ཁྲིམས་སུ་ལོ་གཅིག་ལ་ཕྱི་ནས་དངོས་ཟོག་ནང་འདྲེན་བྱེད་ཐུབ་པའི་ཕྱི་རྒྱལ་གྱི་དངུལ་སྒོར་གསོག་འཇོག་བྱ་དགོས་ཞེས་འཁོད། ནོར་སྲིད་བློན་ཆེན་རྣམ་རྒྱལ་ཚེ་རིང་གིས་འབྲུག་པ་ཚོས་ཕྱི་ནས་དངོས་ཟོག་ནང་འདྲེན་བྱེད་ཀྱི་ཡོད་པ་སྲིད་གཞུང་གིས་བཀག་འགོག་བྱ་འཆར་མེད། འབྲུག་པའི་སྤྱི་དམངས་དང་སྒྲིག་འཛུགས་ཁག་གིས་སྲིད་གཞུང་ལ་ཕྱི་རྒྱལ་གྱི་དངུལ་སྒོར་གསོག་འཇོག་བྱེད་ཐུབ་པའི་རྒྱབ་སྐྱོར་བྱ་དགོས་པའི་ནན་སྐུལ་ཞུ་ཡི་ཡོད། ངས་འབྲུག་ཡུལ་ལ་དཔལ་འབྱོར་དཀའ་ངལ་འཕྲད་རྒྱུ་མ་རེད། འབྲུག་ཡུལ་དཔལ་འབྱོར་དཀའ་ངལ་ནང་དུ་ཚུད་མི་འདུག ང་ཚོར་སེམས་ཁྲལ་མེད་ཅེས་བཤད་ཐུབ་ས་མ་རེད། འབྲུག་གཞུང་དམངས་གཉིས་ཀས་གྲ་སྒྲིག་སྡུག་ས་ནས་བྱ་དགོས་པ་དང་འབྲུག་ཡུལ་གྱི་དཔལ་འབྱོར་ཉམས་ཆག་འགྲོ་རྒྱུའི་ཉེན་ཁ་བཟློག་དཀའ། འབྲུག་ཡུལ་གྱི་དཔལ་འབྱོར་ནི་སྔོན་ཆད་བྱུང་མྱོང་མེད་པའི་དཀྱོག་མཚམས་ཤིག་དང་ངེས་གཏན་བྲལ་བའི་ཁ་ཕྱོགས་ཤིག་ལ་འགྱུར་བཞིན་འདུག་ཅེས་བསྟན།།

འབྲུག་ཡུལ་གྱི་ནོར་སྲིད་བློན་ཆེན་རྣམ་རྒྱལ་ཚེ་རིང་ནས་སྲིད་གཞུང་གིས་འཕྲལ་དུ་ཕྱིར་ཚོང་དང་ནང་འདྲེན་གཉིས་ཆ་མཉམ་བྱེད་མི་ཐུབ་ཀྱང་རྒྱལ་ནང་གི་དངོས་ཟོག་མང་ཙམ་ལོངས་སྤྱོད་བྱ་རྒྱུ་དང་ཕྱི་ནས་དངོས་ཟོག་ནང་འདྲེན་བྱེད་ཀྱི་ཡོད་པ་གང་ཐུབ་ཀྱིས་ཉུང་དུ་གཏོང་རྩིས་ཡོད། དེ་ལྟར་བྱུང་ན་རྒྱལ་ནང་གི་ཐོན་སྐྱེད་ཀྱི་རིན་གོང་འཕར་ཆག་འགྲོ་བཞིན་པ་རྣམས་སྟངས་འཛིན་བྱེད་ཐུབ་པའི་དགེ་མཚན་ཆེ། སིངྒ་ལའི་དཔལ་འབྱོར་ཉམས་རྒུད་ནི་འབྲུག་ཡུལ་ལ་ཉམས་མྱོང་ཆེན་པོ་ཞིག་རེད། འབྲུག་ཡུལ་གྱི་དཔལ་འབྱོར་ལམ་ལུགས་ཀྱིས་དཀའ་ངལ་མཆིས་སོ་ཅོག་གི་མདུན་དུ་རང་ཚུགས་ཐུབ་དགོས། འབྲུག་རྒྱལ་ཡོངས་སུ་ལེགས་བཅོས་གཏོང་གི་ཡོད་པ་རྣམས་དཔལ་འབྱོར་གྱིས་རང་ཚུགས་ཐུབ་པ་ཞིག་ལ་བསྒྱུར་རྒྱུ་དེར་དམིགས་ཡོད་ཅེས་བཤད། གསར་འགོད་པ་ཚོས་ནོར་སྲིད་བློན་ཆེན་རྣམ་རྒྱལ་ཚེ་རིང་ལ་འབྲུག་གཞུང་གིས་ཕྱི་རྒྱལ་བ་ཚོར་ཉིན་རེར་ཨ་སྒོར་༢༠༠་ཐམ་པ་དང་རྒྱ་གར་བ་ཚོར་ཧིན་སྒོར་༡༢༠༠་རེ་འགྲུལ་ཁྲལ་བསྡུ་འཆར་ཡོད་པ་དེས་འབྲུག་གཞུང་གིས་ཕྱི་རྒྱལ་གྱི་དངུལ་སྒོར་གསོག་འཇོག་བྱེད་ཀྱི་ཡོད་པར་ཕན་ཐོགས་འབྱུང་ངམ་ཞེས་དྲིས། ཁོང་གིས་ཕྱི་རྒྱལ་བ་ཚོར་འགྲུལ་ཁྲལ་བསྡུས་ནས་འབྲུག་གཞུང་གིས་ཕྱི་རྒྱལ་གྱི་དངུལ་སྒོར་གསོག་འཇོག་བྱེད་ཀྱི་ཡོད་པ་མང་དུ་གཏོང་ཐུབ་ཅེས་བཀྲལ།།

ཕྱི་ཟླ་༧་པའི་ཚེས་༢༨་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་གཞུང་ལ་ཕྱི་རྒྱལ་གྱི་དངུལ་སྒོར་ཉུང་དུ་ཕྱིན་པའི་རྗེས་སུ་བལ་ཡུལ་ལྟར་ཕྱི་རྒྱལ་ནས་དངོས་ཟོག་ཁག་ཅིག་ནང་འདྲེན་བྱེད་མི་ཆོག་པའི་དམ་དྲག་བྱ་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་པ་སྟེ། སྲིད་བློན་བློ་གྲོས་ཚེ་རིང་གིས་འབྲུག་ཡུལ་གྱི་རྒྱང་སྲིང་ཁང་ལ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་རྒྱུ་དེར་གདོང་ལེན་རིམ་པ་གསུམ་བརྒྱུད་ནས་བྱ་འཆར་ཡོད། ཐོག་མར་འབྲུག་གཞུང་གིས་ཞལ་ཏོག་དང་མངར་ཟས་ཀྱི་རིགས་སོགས་དགོས་ངེས་མིན་པ་རྣམས་ནང་འདྲེན་བྱ་རྒྱུ་མཚམས་འཇོག་འཆར་ཡོད། གོམ་སྟབས་གཉིས་པ་དེར་ནང་འདྲེན་དངོས་ཟོག་བཀག་འགོག་བྱ་རྒྱུའི་རྣམ་གྲངས་མང་དུ་གཏོང་འཆར་ཡོད། གོམ་སྟབས་གསུམ་པ་དེར་འབྲུག་གཞུང་གིས་དགོས་ངེས་ཀྱི་དངོས་ཟོག་འབའ་ཞིག་ནང་འདྲེན་བྱེད་དུ་འཇུག་འཆར་ཡོད་ཅེས་བཤད། འབྲུག་ཡུལ་གྱིས་རང་གི་ཚོང་གྲོགས་རྒྱལ་ཁབ་ཨང་དང་པོ་རྒྱ་གར་ལ་ཨ་སྒོར་དུང་ཕྱུར་༢༢་བུ་ལོན་ཆད་ཡོད་པར་མ་ཟད། འཛམ་གླིང་དངུལ་ཁང་དང་ཨེ་ཤི་ཡའི་འཛུགས་སྐྲུན་དངུལ་ཁང་སོགས་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་འཛུགས་ཁག་ལ་ཨ་སྒོར་དུང་ཕྱུར་༡༠་ཐམ་པ་བུ་ལོན་ཆད། འབྲུག་ཡུལ་གྱི་ས་གནས་ཚོང་པ་ཚོས་རྡོ་སྣུམ་གྱི་རིན་གོང་འཕར་བའི་འགྲོ་གྲོན་གཅིག་པུས་དངོས་ཟོག་ནང་འདྲེན་གྱི་འགྲོ་གྲོན་དེའི་ལྔ་ཆའི་གཅིག་ཟིན་ཏེ་དཀའ་ངལ་ཆེན་པོ་འདུག འབྲུག་གཞུང་གིས་སྔ་ཙམ་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་སྒོ་འབྱེད་དགོས་ཞེས་ནན་སྐུལ་བྱས་ཀྱང་འབྲུག་ཡུལ་ལ་ཕྱི་ཟླ་༩་ཚེས་༢༣་བར་དུ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མི་ཆོག་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG