ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

འབྲུག་ཡུལ་གྱིས་རྒྱལ་སྤྱིའི་ཡུལ་སྐོར་བ་ཚོར་སྒོ་འབྱེད།


༄༅།། ཕྱི་ཟླ་༩་པའི་ཚེས་༢༣་ནས་འབྲུག་གཞུང་གིས་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་སྒོ་ཕྱེ་ནས་ཉིན་ལྟར་མི་རེར་ཨ་སྒོར་༢༠༠་ནས་༢༥༠་ཐམ་པའི་འགྲུལ་ཁྲལ་བསྡུ་རྒྱུའི་གནས་ཚུལ་ཐོན་འདུག གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༩་པའི་ཚེས་༢༣་ནས་རྒྱ་གར་གྱི་ཨ་སམ་མངའ་སྡེའི་ཕྱོགས་སུ་ཆགས་ཡོད་པའི་འབྲུག་ཡུལ་གྱི་བསམ་གྲུབ་ལྗོངས་མཁར་དང་དགེ་ལེགས་ཕུ་གཉིས་ཀྱི་ས་མཚམས་སྒོ་ཕྱེ་ནས་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་བསུ་ལེན་བྱ་རྒྱུ་འགོ་ཚུགས། འདི་ནི་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་ལོ་གཉིས་དང་ཕྱེད་ཀའི་རྗེས་སུ་འབྲུག་ཡུལ་གྱིས་ཕྱི་ལ་སྒོ་མོ་ཕྱེ་པ་ཐེངས་དང་པོ་ཡིན་ཞིང་། སྔོན་ཆད་རྒྱ་གར་བ་རྣམས་འབྲུག་ཡུལ་དུ་ཕྱིར་སྐྱོད་ལག་འཁྱེར་མེད་པར་ཐོབ་ཐང་དཔག་ཡིག་བསྟན་ནས་བསྐྱོད་ཆོག་པ་དང་འགྲུལ་ཁྲལ་ཡང་སྤྲོད་མི་དགོས་མོད། ཕྱི་ཟླ་༩་པའི་ཚེས་༢༣་ནས་རྒྱ་གར་བ་ཚོ་འབྲུག་ཡུལ་དུ་སྤྲོ་འཆམ་ལ་བསྐྱོད་ན་ཉིན་ལྟར་ཧིན་སྒོར་༡༢༠༠་རེ་འགྲུལ་ཁྲལ་སྤྲོད་དགོས་པ་དང་འབྲུག་པ་ཚོ་རྒྱ་གར་དུ་ཡོང་ན་འགྲུལ་ཁྲལ་སྤྲོད་མི་དགོས། རྒྱ་གར་བ་ཚོ་འབྲུག་ཡུལ་དུ་བསྐྱོད་ན་འགྲུལ་ཁྲལ་སྤྲོད་དགོས་པ་ནི་ཁྱད་མཚར་ཞིག་མ་རེད་དམ་ཞེས་གནས་ཚུལ་སྤེལ་འདུག

འབྲུག་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་ལྷན་ཁང་གི་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་ང་ཚོས་ཡར་རྒྱས་རྒྱུན་འཁྱོངས་ཀྱི་འགྲུལ་ཁྲལ་ཞིག་བསྡུ་བཞིན་པ་ནི་གསར་པ་གང་ཡང་མ་རེད། འབྲུག་གཞུང་གིས་རྒྱལ་སྤྱིའི་འགྲུལ་པ་ཚོར་འགྲུལ་ཁྲལ་ཨ་སྒོར་༦༥་རེ་བསྡུ་བཞིན་པ་ཨ་སྒོར་༢༠༠་ཐམ་པར་སྤར་དགོས་པའི་ཐག་གཅོད་བྱས་པ་ཡིན། དེའི་ཁོངས་སུ་རྒྱ་གར་བ་རྣམས་ཚུད་མེད་པ་དང་རྒྱ་གར་བ་ཚོར་ཉིན་རེར་ཧིན་སྒོར་༡༢༠༠་ལས་འགྲུལ་ཁྲལ་བསྡུ་ཡི་མེད། ལོ་གཉིས་ཀྱི་རིང་རྒྱ་གར་བ་ཚོར་ཉིན་ལྟར་ཨ་སྒོར་བཅོ་ལྔའམ། ཡང་ན་ཧིན་སྒོར་༡༢༠༠་འགྲུལ་ཁྲལ་བསྡུ་རྒྱུ་དེར་འགྱུར་བ་མེད། དེའི་གཞུག་ནས་རྒྱ་གར་བ་ཚོར་འགྲུལ་ཁྲལ་བསྡུ་ཕྱོགས་ཐད་འགྱུར་བ་འགྲོ་སྲིད། འགྲུལ་ཁྲལ་དེ་རྣམས་འབྲུག་ཡུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས། ཁོར་ཡུག་དང་རིག་གཞུང་ཡར་རྒྱས་བཅས་ཀྱི་ལས་གཞི་ཁག་ལ་འགྲོ་གྲོན་གཏོང་འཆར་ཡོད་པར་མ་ཟད། རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་འགྲུལ་ཁྲལ་བསྡུས་ཀྱང་ཚད་མཐོའི་སྲི་ཞུ་དང་འབྲུག་ཡུལ་གྱི་མཛེས་སྡུག་རྣམས་ཉམས་སུ་མྱོང་ཐུབ་པའི་མཐུན་རྐྱེན་ཁག་བསྐྲུན་ཡོད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ།།

འབྲུག་ཡུལ་གྱི་དཔལ་འབྱོར་ཡོང་འབབ་ཆེན་པོ་ཞིག་ཡུལ་སྐོར་སྤྲོ་འཆམ་ལ་བརྟེན་ཡོད་པ་དང་འབྲུག་ཡུལ་ལ་མི་འབོར་འབུམ་༧་དང་ཕྱེད་ཀ་ལྷག་ལས་མེད་པ་དེའི་ཁོངས་ནས་མི་ཁྲི་ཚོ་༥་ལྷག་ལ་ཡུལ་སྐོར་སྤྲོ་འཆམ་ལས་རིགས་ཁག་གཅིག་པུས་ལས་ཀ་བཀོད་སྒྲིག་བྱེད་ཐུབ་ཀྱི་ཡོད་ཅིང་། ད་ལྟ་འབྲུག་ཡུལ་གྱི་ས་མཚམས་ཁག་སྒོ་ཕྱེ་ནས་ཡུལ་སྐོར་སྤྲོ་འཆམ་པ་བསུ་ལེན་བྱེད་ཀྱི་ཡོད་པ་ནི་ལས་རིགས་དེ་གཉེར་བཞིན་པའི་ཚོང་པ་ཚོར་དུས་ཐོག་གི་ཆར་པ་ལྟར་གཏམ་བཟང་ཞིག་ཏུ་གྱུར། ༢༠༡༩་ལོ་དང་བསྡུར་ན་༢༠༢༠་ལོར་འབྲུག་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་ཚོང་ལས་བརྒྱ་ཆ་༤༡་ཉམས་ཆག་བྱུང་། འབྲུག་ཡུལ་དུ་སྤྲོ་འཆམ་ལ་སྐྱོད་མཁན་ཕྱི་རྒྱལ་གྱི་འགྲུལ་པ་མང་ཤོས་ནི་རྒྱ་གར་བ་ཡིན་ཞིང་། ༢༠༢༠་ལོར་འབྲུག་ཡུལ་དུ་འགྲུལ་པ་༢༩༨༡༢་བསླེབས་པ་དེའི་ཁོངས་ཀྱི་འགྲུལ་པ་༢༢༢༩༨་རྒྱ་གར་བ་ཡིན་འདུག འབྲུག་ཡུལ་གྱི་ལས་སྣེ་ཚོས་ཕྱི་ཟླ་༩་པའི་ཚེས་༢༣་ནི་རྟགས་དང་རྟེན་འབྲེལ་བཟང་པོའི་ཉིན་མོ་ཞིག་རེད། ཉིན་དེ་ས་གནས་མི་དམངས་ལ་ཆར་འབབ་བྱིན་རླབས་དུས་སྟོན་ཞེས་བྱ་བ་ཐམས་ཅད་གསར་དུ་མགོ་རྩོམ་པའི་ཉིན་མོ་ཞིག་རེད། དེར་བརྟེན་འབྲུག་ཡུལ་གྱིས་ཡུལ་སྐོར་སྤྲོ་འཆམ་པ་ཚོར་སྒོ་མོ་འབྱེད་པའི་ཚེས་གྲངས་ཀྱང་དུས་སྟོན་དེར་བསྟུན་པ་ཡིན་ཞེས་བཀྲལ།།

ཉེ་ཆར་ཕྱི་ཟླ་༩་པའི་ཚེས་༡༨་ཉིན་ཨ་རིའི་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་ཡུལ་ལ་ཡུལ་སྐོར་སྤྲོ་འཆམ་པ་མང་བའི་དུས་སུ་ཉིན་ལྟར་མི་རེར་ཨ་སྒོར་༢༥༠་རེ་འགྲུལ་ཁྲལ་བསྡུ་རྒྱུ་དང་འགྲུལ་པ་ཉུང་བའི་དུས་སུ་ཉིན་ལྟར་མི་རེར་ཨ་སྒོར་༢༠༠་རེ་འགྲུལ་ཁྲལ་བསྡུ་རྒྱུ། ད་ལོ་ནས་འགྲུལ་ཁྲལ་གྱི་ནང་དུ་ལམ་གྲོན་དང་མགྲོན་ཁང་། བཟའ་བཏུང་དང་སྣེ་ཤན་པའི་གླ་ཕོགས་སོགས་ཚུད་མི་འདུག ཕྲུ་གུ་ལོ་ན་༦་ནས་༡༢་ཅན་ཚོར་འགྲུལ་ཁྲལ་བརྒྱ་ཆ་༥༠་དང་ཕྲུ་གུ་ལོ་༥་དང་དེའི་མན་ཆད་ལ་འགྲུལ་ཁྲལ་ཆག་ཡངས་རེད་ཅེས་བཀོད། ཁེ་ན་ཌ་དང་འབྲུག་ཡུལ་གྱི་ཡུལ་སྐོར་ཐེབས་རྩ་ཁང་གི་གཙོ་འཛིན་སེམ་བྷི་ལི་ཐེས་འགྲུལ་ཁྲལ་རྣམས་ས་གནས་མང་ཚོགས་ལ་རོགས་སྐྱོར་འབབ་ཀྱི་རེད། དཔེར་ན་འབྲུག་གཞུང་གིས་འགྲུལ་ཁྲལ་བསྡུས་པ་རྣམས་ས་གནས་ཁག་གི་འཕྲོད་བསྟེན་དང་ཤེས་ཡོན་སློབ་སྦྱོང་ལ་འགྲོ་གྲོན་བཏང་སྟེ་འབྲུག་པ་ཚོས་རིན་པ་སྤྲོད་མི་དགོས་པ་ཞིག་ཏུ་འགྱུར་ངེས་རེད། འགྲུལ་པ་ཚོར་མགྲོན་ཁང་ཚད་ལྡན་དང་སྣེ་ཤན་པ་ཚད་ལྡན། སྲི་ཞུ་དང་ཟས་རིགས་སྤུས་དག་རྣམས་འཐོབ་ཀྱི་རེད། ང་༡༩༨༨་ནས་འབྲུག་ཡུལ་དུ་ཕྱིན་པ་དང་འགྲུལ་པ་རྣམས་འབྲུག་ཡུལ་དུ་བསླེབས་པའི་རྗེས་སུ་འགྲུལ་ཁྲལ་མཐོ་དྲགས་པའི་མྱོང་ཚོར་དེ་མེད་པར་འགྱུར་རྒྱུ་རེད་ཅེས་འགྲུལ་ཁྲལ་སྤར་བར་རྒྱབ་སྐྱོར་གྱི་སྒྲུབ་བྱེད་བཀོད།།

འབྲུག་ཡུལ་གྱི་འགྲུལ་ཁྲལ་ལ་སྐྱོན་བརྗོད་བྱེད་མཁན་ཚོས་འབྲུག་གཞུང་གིས་ཡུལ་སྐོར་བ་ཕྱུག་པོ་མ་གཏོགས་ཡོང་དུ་འཇུག་འདོད་མེད་པ་རེད། འབྲུག་གཞུང་གིས་འགྲུལ་ཁྲལ་བསྡུས་པའི་དངུལ་སྒོར་རྣམས་མི་ཁག་ཅིག་ལ་འབབ་ཀྱི་རེད་ཅེས་སྐྱོན་བཙུགས། མི་ཁག་ཅིག་གིས་ནད་ཡམས་འཇོམས་མ་ཐག་ཡིན་པས་འབྲུག་གཞུང་གིས་འགྲུལ་ཁྲལ་སྤར་བ་ཐབས་མཁས་ཤིག་མ་རེད་ཅེས་གླེང་། ཨོ་གླིང་རྒྱལ་ཁབ་དང་ནེའུ་ཛི་ལན་ཌིའི་འགྲིམ་འགྲུལ་ལས་ཁུངས་ཀྱི་འགན་འཛིན་ཝེན་ཌི་མིན་ཞེས་པ་ཞིག་ནས་འབྲུག་གཞུང་གིས་འགྲུལ་པ་ཚོད་འཛིན་བྱེད་པར་འགྲུལ་ཁྲལ་ཆེན་པོ་བསྡུ་དགོས་ངེས་རེད། འབྲུག་ཡུལ་ནི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་པ་དང་སྤུ་ན་ཁའམ། དེ་མིན་གྱི་གྲོང་ཁྱེར་ཁག་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུ་ཇི་བཞིན་འགྱུར་དུ་འཇུག་མི་ཉན། མི་མང་པོ་ཞིག་འགྲུལ་ཁྲལ་ཆེན་པོ་དེར་དགའ་མོས་མེད་ཀྱང་ངས་འབྲུག་གཞུང་གི་དཀའ་ངལ་ལ་རྒྱུས་ལོན་བྱེད་ཐུབ། ༢༠༢༣་ནས་ཨི་ཊ་ལིའི་ཝེ་ནི་སི་གྲོང་ཁྱེར་གཞུང་གིས་ཀྱང་ཉིན་ལྟར་འགྲུལ་པ་རེར་ཡུ་སྒོར་༣་ནས་༡༠་བར་དུ་འགྲུལ་ཁྲལ་བསྡུ་རྒྱུའི་ཐག་གཅོད་བྱས་འདུག་ཅེས་བཤད། འབྲུག་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་ལྷན་ཁང་གིས་འགྲུལ་ཁྲལ་ཆེན་པོ་བསྡུས་ཀྱང་འགྲུལ་པ་ཚོས་སྔར་བཞིན་འགྲིམ་འགྲུལ་ལས་ཁུངས་དང་འགྲིམ་འགྲུལ་ལས་ཁུངས་གཉེར་འཛིན་བ་ཚོ་བརྒྱུད་ནས་ལས་དོན་ཁག་སྒྲུབ་མི་དགོས། ཁོ་ཚོས་མགྲོན་ཁང་ལ་ཐད་ཀར་འབྲེལ་བ་བྱས་ནས་སྣེ་ཤན་པ་དང་ཟ་ཁང་། སྐྱེལ་འདྲེན་གྱི་སྲི་ཞུ་རྣམས་བཀོད་སྒྲིག་བྱེད་ཐུབ། སྲི་ཞུ་དེ་རྣམས་རིན་གོང་ཆེན་པོ་ཡིན་པས་འགྲུལ་ཁྲལ་དེ་ཧ་ཅང་གི་རིན་གོང་ཆེན་པོ་ཞིག་མ་རེད་ཅེས་སྐྱོན་བརྗོད་རྣམས་འགོག་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG