ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་ལ་དྭགས་ཀྱི་ཤར་ཕྱོགས་སུ་འཛུགས་སྐྲུན་རྒྱ་བསྐྱེད། 


༄༅།། རྒྱ་ནག་གིས་ལ་དྭགས་ཀྱི་ཤར་ཕྱོགས་སུ་མུ་མཐུད་དུ་རྒྱལ་ལམ་ཡར་རྒྱས་དང་སྤང་གོང་མཚོའི་ཕྱོགས་ཀྱི་མོལ་དྷོའི་ཁ་སྤྲོད་དུའང་རྒྱ་ལམ་ཡག་ཏུ་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༠་པའི་ཚེས་༣༠་ཉིན་རྒྱ་གར་གྱི་ཧིན་རྡུ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་དམག་གིས་དགུན་ཁ་སླེབས་ཀྱི་ཡོད་པའི་སྐབས་འདིར་རྒྱ་དཀར་ནག་གི་དབང་སྒྱུར་བྱེད་བཞིན་པའི་ས་ཐིག་གི་ཕར་ཕྱོགས་སུ་གུར་ཕུབ་ནས་ལྕགས་ཤོག་གི་ཁང་པ་སོགས་འཛུགས་སྐྲུན་བྱས་ཏེ་གྲ་སྒྲིག་ལ་གཞོལ། སྔོན་ཆད་རྒྱ་ནག་གིས་ལ་དྭགས་ཤར་ཕྱོགས་ཀྱི་ཆུ་ཚན་ཁུལ་གྱི་མོ་བརྡ་ལར་རྒྱ་ལམ་སྤྱི་ལེ་༥་ལས་འཛུགས་སྐྲུན་བྱས་མེད་ཀྱང་༢༠༢༠་ལོར་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལག་འཛིང་ཐུག་སྟེ་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་བྱུང་ནས་བཟུང་། རྒྱ་ནག་གིས་མོ་བརྡ་ལའི་རྒྱ་ལམ་དེ་སྤྱི་ལེ་༢༢་བར་དུ་རྒྱ་བསྐྱེད། དེ་བཞིན་རྒྱ་ནག་གིས་ལ་དྭགས་ཀྱི་ཆུ་ཚན་ཁུལ་གྱི་མོ་བརྡ་ལར་རྒྱ་ལམ་གསར་པ་ཞིག་ཀྱང་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་ནི་སྐོར་གཡེང་ས་ཚིགས་༡༧་པ་ནས་ལམ་ཐག་སྤྱི་ལེ་༡༤་ལ་རིང་དུ་བཏང་བ་ཞིག་རེད་ཅེས་གནས་ཚུལ་སྤེལ།།

ད་ལོའི་ཕྱི་ཟླ་༩་པའི་མགོ་སྟོད་དུ་རྒྱ་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་ཚོས་གོག་ར་དང་ཆུ་མཚན་ཁུལ་གྱི་སྐོར་གཡེང་ས་ཚིགས་༡༥་པ་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་གྲོས་མཐུན་བྱུང་སོང་ཞེས་བསྒྲགས། ༢༠༢༠་ལོའི་ཕྱི་ཟླ་༥་པ་ནས་ཕྱོགས་གཉིས་ཀས་ཧིན་བོད་ས་མཚམས་ཁག་ཏུ་དམག་དཔུང་འགྲེམ་འཇོག་བྱས་ནས་གང་ཅིའི་གནས་སྟངས་སྡུག་ཏུ་སོང་། རྒྱ་དཀར་ནག་གི་མཐོ་རིམ་དམག་དཔོན་ཚོས་གྲོས་མོལ་ཐེངས་༡༧་བྱས་ནས་ས་མཚམས་ཁག་ཅིག་གི་དམག་དཔུང་ཕྱིར་འཐེན་བྱས་ཡོད་པར་མ་ཟད། ད་དུང་དམག་དཔུང་ཕྱིར་འཐེན་བྱས་མེད་ས་ཁག་ཏུ་རྩོད་གཞི་ཡོད་པ་རྣམས་གང་མགྱོགས་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱ་རྒྱུ། རྒྱ་ནག་གིས་སྤང་གུར་མཚོའི་བྱང་ཤར་ཁུལ་དུའང་རྒྱ་ལམ་འཛུགས་སྐྲུན་དང་ཡར་རྒྱས་གཏོང་གི་འདུག འདི་ནི་༢༠༢༠་ལོའི་ཕྱི་ཟླ་༨་པའི་ཟླ་མཇུག་ཏུ་སྤང་གོང་མཚོའི་ལྷོ་ཕྱོགས་སུ་རྒྱ་ནག་ལ་ས་མཐོའི་བཙན་ས་མེད་པར་སྤང་གུར་མཚོའི་ཉེ་འཁྲིས་སུ་རྒྱ་གར་གྱི་དམག་གིས་ལྕགས་ཁྲབ་འཁོར་ལོ་དང་གངས་རྩེ་ཁག་ཏུ་དམག་བཀྲམ་སྟེ་རྒྱ་དམག་ལ་རྒོལ་རྡུང་གི་ཉེན་ཁ་བྱུང་བ་བསྐྱར་ཟློས་མི་འབྱུང་བའི་ཆེད་དུ་རེད་ཅེས་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་ཧིན་རྡུ་ཚགས་པར་གྱིས་གསང་བའི་ལས་ཁུངས་ཁག་གི་ལས་སྣེ་ཚོ་ལུང་འདྲེན་བྱས་ནས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་བོད་ཀྱི་སྟོད་མངའ་རིས་ཁུལ། རྡོ་དམར་གཞུང་དུ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེན་གཉེར་གྱི་ཡོད་པར་མ་ཟད། གུར་དང་འཛུགས་སྐྲུན་གྱི་རྒྱུ་ཆ་རྣམས་འབྱོར་གྱི་ཡོད་པ་དང་རུ་ཐོག་ཁུལ་དུ་རྒྱ་ནག་གི་དམག་སྒར་ཆེན་པོ་ཆགས། རྒྱ་ནག་གི་དམག་སྒར་དེ་རྒྱ་དཀར་ནག་གིས་དབང་སྒྱུར་བྱེད་བཞིན་པའི་ས་ཐིག་ཁག་ནས་སྤྱི་ལེ་༦༠་མེད་ཅིང་། ཟླ་ཤས་གོང་དུ་རུ་ཐོག་ཁུལ་དུ་གུར་༡༥༠་ཐམ་པ་ཕུབ་ཡོད་པ་དེར་གུར་༨༠་ནས་༩༠་ཡས་མས་ཤིག་མང་དུ་སོང་། སྤར་གོང་མཚོའི་བྱང་ཕྱོགས་ཀྱི་སིར་ཇེབ་ས་ཁུལ་དུའང་རྒྱ་དམག་གིས་འཛུགས་སྐྲུན་དང་གུར་ཕུབ་ཡོད་པའི་གནས་ཚུལ་ཐོན། རྒྱ་གར་གྱིས་ཀྱང་རྒྱ་ནག་ལ་ཁ་གཏད་གཅོག་པར་རྨང་གཞིའི་མཐུན་རྐྱེན་སྣ་མང་ཞིག་འཛུགས་སྐྲུན་བྱ་རྒྱུའི་ཐག་བཅད། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་རྒྱ་གར་གྱི་རྒྱལ་སྲུང་བློན་ར་ཇ་ན་ཐ་སིང་གིས་ཤི་ལོག་ཆུ་བོའི་སྟེང་དུ་རིང་ཚད་མི་ཊར་༡༢༠་ཅན་གྱི་ཟམ་པ་ཞིག་སྒོ་འབྱེད་བྱས་ཤིང་། ཟམ་ཆེན་དེའི་ཐོག་ཏུ་རྒྱ་གར་གྱི་དམག་ལ་ལྕགས་ཁྲབ་འཁོར་ལོ་དང་མེ་སྒྱོགས་ཆེན་པོ་རྣམས་སྐྱེལ་འདྲེན་བྱེད་ཐུབ། ལ་དྭགས་ཤར་ཕྱོགས་ཀྱི་ཉོ་མ་ས་ཁུལ་དུ་རྒྱ་གར་གྱི་དམག་ལ་མདུན་སྐྱོད་གནམ་ཐང་ཞིག་རྒྱ་བསྐྱེད། རྒྱ་དཀར་ནག་གཉིས་ཀར་ཌེམ་ཆོག་དང་དེ་བཟང་ལའི་རྩོད་གཞི་ཡོད་པ་རྣམས་སེལ་མ་ཐུབ་པར་ལུས། ཕྱི་ཟླ་༡༠་པའི་ཚེས་༢༧་ཉིན་དེ་རིང་གི་རྒྱ་གར་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱིས་ལ་དྭགས་ཤར་ཕྱོགས་སུ་ཆགས་པའི་ཉོ་མ་ས་ཁུལ་དུ་རྒྱ་བསྐྱེད་པའི་གནམ་ཐང་དེ་བོད་ཀྱི་ས་མཚམས་བར་དུ་སྤྱི་ལེ་༥༠་ལས་མེད་པས་དམག་དཔུང་འདྲེན་གཏོང་དང་མཚོན་ཆ་སྐྱེལ་འདྲེན་ལ་དགོས་ངེས་ཤིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG