ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ལ་དྭགས་ཀྱི་གངས་རི་རྣམས་ཞུ་སྟེ་ཆུ་ཇེ་དཀོན་དུ་གྱུར།


India Glacier Flooding Explainer
India Glacier Flooding Explainer

༄༅།། འཛམ་གླིང་གི་སའི་གོ་ལའི་ཚ་དྲོད་རྒྱས་ནས་ཧི་མ་ལ་ཡའི་ལྗོངས་ཀྱི་གངས་རི་རྣམས་ཞུ་སྟེ་ལ་དྭགས་ཀྱི་རྒྱལ་ས་གླེའི་ཉེ་འཁོར་གྱི་གྲོང་གསེབ་ཁག་ཅིག་ལ་འཐུང་ཆུ་ཇེ་དཀོན་དུ་གྱུར།

༄༅།། འཛམ་གླིང་གི་སའི་གོ་ལའི་ཚ་དྲོད་རྒྱས་ནས་ཧི་མ་ལ་ཡའི་ལྗོངས་ཀྱི་གངས་རི་རྣམས་ཞུ་སྟེ་ལ་དྭགས་ཀྱི་རྒྱལ་ས་གླེའི་ཉེ་འཁོར་གྱི་གྲོང་གསེབ་ཁག་ཅིག་ལ་འཐུང་ཆུ་ཇེ་དཀོན་དུ་གྱུར། གླེའི་ཉེ་འཁྲིས་ཀྱི་གྲོང་གསེབ་ཅིག་གི་ཡུལ་མི་བསོད་ནམས་ཆོས་སྒྲོན་ཞེས་པ་ཞིག་གིས་ང་ཚོའི་ཕྱུགས་ཟོག་འཚོ་སར་རྩྭ་ཡག་པོ་ཞིག་མི་སྐྱེ་པ་དང་ཞིང་ཆུ་འདྲེན་རྒྱུ་བྱ་རྒྱུ་ཡང་འདང་ངེས་མི་འདུག ང་ཚོ་རང་གནས་སུ་ཕྱིར་ལོག་བྱས་ན་དགའ་ས་རེད་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག ཕྱི་ཟླ་༩་པའི་ཚེས་༡༢་ཉིན་རྒྱ་གར་གྱི་པར་འདེབས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་བཅུའི་གོང་དུ་བསོད་ནམས་ཆོས་སྒྲོན་དང་ཁྱིམ་ཚང་༦་གིས་སོ་སོའི་འཚོ་བ་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་ཀུ་ལུམ་སྟོད་ཀྱི་གྲོང་གསེབ་ཅིག་ནས་ཨུབ་ཤི་གྲོང་རྡལ་དུ་གཞིས་སྤོས། ཁོ་མོས་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཕུ་ག་ཆུ་ཚན་དུ་བསྐྱོད་སའི་ལམ་ཟུར་དུ་ཚོང་ཁང་ཞིག་གཉེར་ནས་འཚོ་བ་གསར་པ་ཞིག་རོལ་འགོ་ཚུགས། དེང་སྐབས་ཀུ་ལུམ་གྲོང་རྡལ་དུ་ཆུ་ཇེ་དཀོན་དུ་ཕྱིན་ཏེ་རྒྱལ་ས་གླེའི་ཉེ་འཁོར་དུ་སྤོར་བའི་ཁྱིམ་ཚང་དེ་ཚོར་དཀའ་ངལ་གསར་པ་ཞིག་འཕྲད་ཀྱི་ཡོད་ཅིང་། ལ་དྭགས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་འགྲོ་བཞིན་པའི་དབང་གིས་དཀའ་ངལ་དེར་གདོང་ལེན་བྱ་རྒྱུའི་གྲ་སྒྲིག་བྱེད་མ་ཐུབ་ཚེ། མ་འོངས་པར་ལ་དྭགས་རྒྱལ་ཡོངས་ཀྱི་མི་རྣམས་གནས་སྤོར་དགོས་ཐུག་སྟེ་དཀའ་ངལ་ཆེན་པོ་ཞིག་འཕྲད་ཉེན་ཆེ་ཞེས་སྔོན་བརྡ་བཏང་འདུག

ལ་དྭགས་ཀྱི་ས་གནས་བྱིངས་དང་འདྲ་བར་ཀུ་ལུམ་སྟོད་ཀྱང་གངས་ཆུ་ལ་བརྟེན་ཡོད་པ་དང་ཁ་བ་ཞུ་བའི་ཆུ་རྒྱུན་རྣམས་ས་གནས་ཕལ་མོ་ཆེའི་འཐུང་ཆུ་དང་ཞིང་ཆུ་འདྲེན་གཏོང་གི་འབྱུང་ཁུངས་ཡིན་ཞིང་། ཧི་མ་ལ་ཡའི་ལྗོངས་ཀྱི་ཧིན་རྡུ་ཀུ་ཤ་ས་གནས་ནི་འཛམ་གླིང་གི་རྩེ་སྣེ་གསུམ་པར་གྲགས། མངའ་ཁུལ་དེའི་གངས་རི་རྣམས་ཆུ་བོ་ཆེན་པོ་བཅུའི་འབྱུང་ཁུངས་ཡིན་རུང་ཉེ་བའི་ལོ་ཤས་ཤིག་ནས་འཛམ་གླིང་གི་སའི་གོ་ལའི་ཚ་དྲོད་རྒྱས་ནས་གངས་ཆུའི་ཐོན་ཁུངས་རྣམས་རིམ་གྱིས་སྐམ། རྒྱ་གར་གྱི་ས་ཁམས་ཚན་རིག་བརྟག་དཔྱད་ཁང་གིས་ལོ་ལྟར་ཧི་མ་ལ་ཡའི་གངས་རིའི་མཐུག་ཚད་མི་ཊར་༡༤.༩་ནས་མི་ཊར་༡༥.༡་ཡས་མས་རེ་ཞུ་ཡི་ཡོད་པའི་གནས་ཚུལ་སྤེལ། ལ་དྭགས་ཀྱི་རྒྱལ་ས་གླེའི་ཞིང་ལས་སྡེ་ཚན་གྱི་འགོ་ཁྲིད་ཤ་ཀིལ་ཨུལ་རཱ་མན་ཞེས་པ་ཞིག་གིས་ལ་དྭགས་ཀྱི་ཆུའི་ཐོན་ཁུངས་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་འདུག གངས་རི་རྣམས་ཞུ་བ་དང་ས་བཅུད་ཉམས་ནས་ས་ཆ་རྒྱ་ཆེན་པོ་ཞིག་བྱེ་ཐང་དུ་འགྱུར་ཤས་ཆེ། ད་ལྟ་ནས་ང་ཚོས་ཆུ་མེད་པའི་དཀའ་ངལ་སེལ་མ་ཐུབ་ན་མི་མང་རྣམས་རང་ཡུལ་ནས་ས་གནས་གཞན་ལ་སྤོར་དགོས་པ་ཞིག་འགྱུར་ངེས་རེད་ཅེས་བཀྲལ། སྔོན་ཆད་ལ་དྭགས་ཀྱི་ཁྱིམ་ཚང་ཁག་གི་སྒེའུ་ཁུང་ནང་ནས་རྒྱང་དུ་བལྟས་ན་གང་ས་གང་དུ་གངས་རི་མཐོང་རྒྱུ་ཡོད་མོད། འོན་ཀྱང་ད་ལྟ་ལོ་རེ་བཞིན་རི་རྩེ་གངས་ཀྱིས་གཡོགས་ཡོད་པ་རྣམས་མཐོང་རྒྱུ་ཇེ་ཉུང་དང་ཇེ་ཉུང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག

ལོ་ན་༧༣་ལ་སོན་པའི་ལ་དྭགས་པ་ཚེ་རིང་དབང་ཕྱུག་ཞེས་པ་ནི་ཀུ་ལུམ་སྟོད་ནས་གླེའི་ཉེ་འཁྲིས་སུ་གནས་སྤོས་པ་ཞིག་ཡིན་ཞིང་། ཁོང་གིས་ལོ་༡༥་ནས་༢༠་ཡས་མས་ཤིག་གི་སྔོན་དེར་དགུན་དུས་ཁ་བ་པུས་མོའི་མཚམས་བར་དུ་འབབ་ཀྱི་རེད། དེང་སྐབས་ཁ་བ་སོར་མོ་གང་ཡས་མས་རེ་ལས་འབབ་ཀྱི་མི་འདུག རྫ་རིའི་སྟེང་དུ་ཁ་བ་ཧ་ལམ་མེད་པར་གྱུར་འདུག་ཅེས་བསྟན། ཚན་རིག་པ་ཚོས་ཀྱང་འདས་པའི་ལོ་བཅུ་ཕྲག་འགའ་ཞིག་གི་རིང་དེར་ལ་དྭགས་སུ་དབྱར་དུས་ཆར་པ་དང་དགུན་དུས་ཁ་བ་འབབ་རྒྱུ་ཇེ་ཉུང་དུ་སོང་། གངས་རི་རྣམས་ཞུ་སྟེ་ཕྱི་ཟླ་༣་པ་དང་༤་པ་གཉིས་ལ་ཞིང་ཁར་ཆུ་དྲངས་ཏེ་གྲོ་ནས་སྲན་གསུམ་དང་ཞོ་ཁོག་རྣམས་གདབ་དགོས་ཀྱང་ཞིང་ཆུ་འདྲེན་རྒྱུ་མེད་པར་གྱུར་ཡོད་པའི་ཞིབ་འཇུག་སྙན་ཐོ་བཏོན། རྒྱ་གར་གྱི་ཚན་རིག་ཞིབ་འཇུག་ཁང་གི་ཚན་རིག་པ་གྲགས་ཅན་འབུམ་རམས་པ་ཨ་ནིལ་ཀུལ་ཀར་ཎི་ཞེས་པ་ཞིག་གིས་ལ་དྭགས་ཀྱི་གངས་རི་རྣམས་ཞུ་རྒྱུ་ཇེ་མགྱོགས་སུ་ཕྱིན་ཡོད་པ་དང་དཔྱིད་དུས་གངས་རི་རྣམས་ཞུ་སྟེ་དབྱར་དུས་གངས་ཆུ་མེད་པར་འགྱུར་གྱི་ཡོད་པར་ང་ཚོ་དོ་སྣང་བྱུང་། དེ་བཞིན་སའི་རླན་གཤེར་སྐམ་སྟེ་ཆུ་མིག་རྣམས་སྐམ་གྱི་འདུག་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག

༢༠༡༠་ལོར་ལ་དྭགས་ཀྱི་ཀུ་ལུམ་སྟོད་དུ་བྱེ་རླུང་འཚུབ་སྟེ་ཆུ་མིག་རྣམས་བྱེ་རྡུལ་གྱིས་མནན། མཐར་ས་གནས་དེའི་འཐུང་ཆུའི་འབྱུང་ཁུངས་ཆུ་མིག་རྣམས་སྐམ། ཆར་ཞོད་ཀྱི་དུས་ཚིགས་ནི་དགུན་ཁ་ལ་འགྱུར་བ་དང་ས་ཞིང་འདེབས་ལས་བྱེད་མི་ཐུབ་པའི་རྐྱེན་གྱིས་༢༠༡༢་ལོར་རྒན་པོ་ཚེ་རིང་དབང་ཕྱུག་དང་ཁྱིམ་མཚེས་རྣམས་ཁྱིམ་གཞིས་སྤོ་རྒྱུའི་ཐག་བཅད། ཀུ་ལུམ་སྨད་དུ་ཁྱིམ་ཚང་༤་ཡོད་པ་དང་ཀུ་ལུམ་སྟོད་སྨད་གཉིས་ལ་རྒྱང་ཁད་སྤྱི་ལེ་༤་ལས་མེད་ཀྱང་ཆུ་ཡོད་མེད་དང་ས་ཞིང་འདེབས་ལས་བྱེད་ཐུབ་མིན་གྱི་ཁྱད་པར་ཆེན་པོ་ཞིག་ཐོན། ཨོ་རྒྱན་ཆོས་སྒྲོན་ཞེས་པ་ཞིག་གིས་ང་ཚོར་ཆུ་མིག་ནས་ཐོབ་པའི་ཆུ་དེས་འདང་གིས་ཡོད་པས་ཁྱིམ་གཞིས་སྤོར་དགོས་བྱུང་མ་སོང་། ཡིན་ནའང་ལོ་རེ་བཞིན་ཆུ་ཇེ་དཀོན་དུ་འགྲོ་བའི་དཀའ་ངལ་ནི་ཆེ་རུ་འགྲོ་བཞིན་འདུག ༢༠༡༠་ཡི་ཡར་སྔོན་ལྟར་སྟོན་ཐོག་ཀྱང་སྐྱེ་ཡི་མི་འདུག་ཅེས་བཤད། ད་ལོའི་མགོ་སྟོད་དེར་ལ་དྭགས་ཀྱི་ཞིང་ལས་ལྷན་ཁང་གིས་ཀུ་ལུམ་སྨད་ཕྱོགས་སུ་ཉི་གློག་བཙུགས་ཏེ་ས་འོག་ནས་ཆུ་འཐེན་རྒྱུ། ཞིང་ཆུ་མང་པོ་མི་དགོས་པར་ཐིགས་པ་དང་ཐོར་ཆུ། ཟིལ་པ་སོགས་ཀྱིས་ཞིང་ཆུའི་གོ་ཆོད་པའི་ཚན་རིག་ལག་རྩལ་བཀོལ་སྤྱོད་བྱ་རྒྱུའི་གྲོས་ཐག་བཅད། ཐོག་མར་གྲོང་གསེབ་པ་ཚོས་ཆུ་ཐིགས་དང་ཐོར་ཆུ། ཟིལ་པ་བཅས་ཀྱིས་ཞིང་ཆུ་འདྲེན་གཏོང་ལྟར་ཕན་ཐོགས་འབྱུང་མི་སྲིད་པའི་ལྟ་ཚུལ་བཟུང་། ཡིན་ནའང་ལོ་འདིར་ཞོ་ཁོག་སོགས་ཀྱི་སྟོན་འབྲས་མོད་པོ་སྨིན་ཡོད་པས་ཚན་རིག་དང་མཐུན་པའི་ཞིང་ཆུ་འདྲེན་གཏོང་ལ་ཡིད་ཆེས་སླེབས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱལ་ས་གླེའི་ཉེ་འཁྲིས་ཀྱི་གྲོང་གསེབ་ཅིག་གི་འགོ་ཁྲིད་ཚེ་རིང་འགྱུར་མེད་ཀྱིས་ཆུ་རྒྱུན་ལ་ངེས་གཏན་མེད་པ་དང་གངས་ཆུ་ཇེ་ཉུང་དུ་ཕྱིན་སོང་། སྔོན་ཆད་ཕྱི་ཟླ་༩་པ་བར་དུ་ཆུ་རྒྱུན་ཆད་ཀྱི་མེད། ད་ལྟ་ཕྱི་ཟླ་༨་ནས་ཆུ་རྒྱུན་སྐམ་གྱི་འདུག ཆར་འབབ་ཀྱི་དུས་ཚོད་ལ་ངེས་པ་མེད་པ་དང་ཞིང་ལས་གཉེར་རྒྱུ་ཁག་པོ་འདུག་ཅེས་དཀའ་ངལ་བགྲངས། བཀྲ་ཤིས་ནོར་བུ་ཞེས་པའི་གྲོང་གསེབ་པ་ལོ་ན་༢༠་ཅན་ཞིག་གིས་ང་ཚོས་གངས་ཆུའི་འདབས་སུ་ཆུ་མཛོད་ཆུང་ཆུང་ཞིག་འཛུགས་སྐྲུན་བྱས་པ་ཡིན། ཆུ་མཛོད་ནང་གི་ཆུ་རྣམས་དགུན་དུས་འཁྱག་པར་གྱུར་ཏེ་དབྱར་གྱི་དུས་སུ་འཁྱག་པ་ཞུ་ནས་ཆུའི་དཀའ་ངལ་སེལ་ཐུབ། ལོ་ཤས་གོང་དུ་ཆུ་རགས་རྣམས་གས་ནས་ཞིག་སོང་། ཆུ་རགས་ཞིག་པའི་རྗེས་སུ་སྔར་བཞིན་འཁྱག་པ་མི་འཆགས་པས་དབྱར་དུས་ཆུ་རྒྱུན་ཆད་ཀྱི་འདུག ཆུ་མཛོད་དེ་བསྐྱར་དུ་འཛུགས་སྐྲུན་བྱེད་ཐུབ་ན་ཆུའི་ཐོན་སྐྱེད་ལ་བར་ཆད་མེད་པར་དགེ་མཚན་ཆེ་ཞེས་བཤད། དུས་རབས་སྔོན་མའི་ལོ་རབས་༨༠་པ་ནས་ལ་དྭགས་ཀྱི་ཚན་རིག་པ་ཚེ་དབང་ནོར་འཕེལ་ཞེས་པ་ཞིག་གིས་དགུང་དུས་འཁྱག་པའི་མཆོད་རྟེན་བཞེངས་ཏེ་ཆུ་བསྲི་ཚགས་བྱ་རྒྱུའི་རིག་པ་ཞིག་རྙེད། ༢༠༡༣་ནས་ལ་དྭགས་ཀྱི་ཚན་རིག་པ་བསོད་ནམས་དབང་ཕྱུག་གིས་འཁྱག་པའི་མཆོད་རྟེན་བཞེང་རྒྱུའི་བསམ་བློ་གསར་པ་ཞིག་རྙེད་ནས་དགུན་དུས་ཆུ་བསྲི་ཚགས་བྱ་རྒྱུའི་ལས་གཞི་འགོ་ཚུགས་ཏེ་ཕྱི་དབང་ས་གནས་སུ་གྲུབ་འབྲས་ཆེན་པོ་ཐོན་ཡོད་པར་མ་ཟད། ལ་དྭགས་ཀྱི་ཀུ་ལུམ་སྟོད་མེད་གཉིས་ལའང་དགུན་དུས་འཁྱག་པའི་མཆོད་རྟེན་བཞེངས་ཏེ་དབྱར་དུས་ཆུའི་དཀའ་ངལ་སེལ་དགོས་པའི་བསམ་བློ་འཁོར་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG