ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ལ་དྭགས་སུ་ཡུལ་སྐོར་བ་མང་དྲགས་ཏེ་ཁོར་ཡུག་ལ་གནོད་སྐྱོན།


༄༅།། ལ་དྭགས་སུ་ཡུལ་སྐོར་སྤྲོ་འཆམ་པ་བསླེབས་ནས་ས་གནས་དེའི་དཔལ་འབྱོར་འཕེལ་རྒྱས་དང་ཚོང་ལས་གོང་འཕེལ། མི་དམངས་ཀྱི་འཚོ་བ་སོགས་ཡར་རྒྱས་གཏོང་རྒྱུ་དེར་ཕན་ཐོགས་ཡོད་ཀྱང་ཁོར་ཡུག་དང་སྐྱེ་ཁམས་ལ་གནོད་སྐྱོན་འཕོག་གི་ཡོད་ཅིང་། ཕྱི་ཟླ་༩་པའི་ཚེས་༢༩་ཉིན་རྒྱ་གར་གྱི་ཕྱི་ལྟ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་ཕྱི་ཟླ་༦་པ་དང་༧་པའི་ནང་དུ་ལ་དྭགས་ཀྱི་རྒྱལ་ས་གླེ་རུ་ཡུལ་སྐོར་སྤྲོ་འཆམ་པ་འབུམ་༢་དང་ཕྱེད་ཀ་ཙམ་བསླེབས་ཡོད་པ་ནི་སྔོན་གྱི་ཟིན་ཐོ་བརྒལ། ལ་དྭགས་ཀྱི་རྒྱལ་ས་གླེ་གྲོང་ཁྱེར་ལ་མི་འབྱོར་༣༡༠༠༠་ལས་མེད་པ་དང་ལ་དྭགས་རྒྱལ་ཡོངས་སུ་མི་འབོར་འབུམ་༡་དང་ཁྲི་ཚོ་༣་ལྷག་ཡོད་པ་དེར་བསྡུར་ཚེ། ལོ་འདིའི་ཟླ་བ་གཉིས་ཀྱི་ཡུལ་སྐོར་སྤྲོ་འཆམ་པའི་མི་གྲངས་ནི་གླེ་གྲོང་ཁྱེར་གྱི་མི་འབོར་ལས་ལྡབ་བརྒྱད་དང་ལ་དྭགས་རྒྱལ་ཡོངས་ཀྱི་མི་འབོར་ལས་ལྡབ་གཉིས་མང་བ་བྱུང་འདུག ལོ་འདིར་ལ་དྭགས་སུ་ཡུལ་སྐོར་སྤྲོ་འཆམ་པ་ཇེ་མང་དུ་ཕྱིན་པའི་རྒྱུ་རྐྱེན་གཙོ་བ་ཞིག་རོ་བྲང་ལའི་ཨ་ཐལ་ཕུག་ལམ་སྒོ་ཕྱེ། རྒྱ་གར་གྱི་མ་ན་ལི་ནས་ལ་དྭགས་བར་གྱི་ལམ་ཐག་ཇེ་ཐུང་དུ་ཕྱིན་པར་འབྲེལ་བ་ཡོད་ཅིང་། རྒྱ་གར་གཞུང་གིས་ལ་དྭགས་སུ་ཡུལ་སྐོར་སྤྲོ་འཆམ་པ་གཏོང་རྒྱུའི་ལས་གཞི་ཁག་གཉེར་རྒྱུ་ཤུགས་ཆེ་རུ་བཏང་སྟེ་འགྲིམ་འགྲུལ་དང་སྐྱེལ་འདྲེན་གྱི་མཐུན་རྐྱེན་བསྐྲུན། ལ་དྭགས་དང་རྒྱ་གར་གྱི་ས་གནས་གཞན་ཁག་གི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་ཁོར་ཡུག་གསར་འགོད་པ་ཝི་ཝེ་ཀ་གུབ་ཏ་ཞེས་པ་ཞིག་གིས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐེབས་ནས་ཧི་མ་ལ་ཡའི་ལྗོངས་ཀྱི་གངས་རི་དང་སྲིད་པའི་འཁྱག་རོམ་རྣམས་མགྱོགས་མྱུར་གྱིས་ཞུ། དེང་སྐབས་སྔོན་དང་མ་འདྲ་བར་ལ་དྭགས་ཀྱི་ས་གནས་ཁག་ཏུ་ཁ་བ་འབབ་རྒྱུ་ཇེ་ཉུང་དང་ཆར་ཆུ་དུས་སུ་མི་འབབ་པ། ཐན་པ་བྱུང་ནས་བྱེ་ཐང་རྒྱ་སྐྱེད རྩི་ཤིང་དང་ཆུའི་ཐོན་ཁུངས་རྣམས་སྐམ། ལ་དྭགས་ཀྱི་ས་གནས་གང་སར་མགྲོན་ཁང་འཛུགས་སྐྲུན་བྱས་ནས་རང་བྱུང་གི་མཛེས་སྡུག་རྣམས་བརླགས། གྲོང་གསེབ་པ་ཚོར་འཐུང་ཆུ་དང་ཞིང་ཆུ་འདྲེན་གཏོང་བྱ་རྒྱུ་མེད་པར་མི་རབས་མང་པོའི་ཁྱིམ་གཞིས་དེ་ནས་ས་ཆ་གཞན་ལ་གནས་སྤོར། རྒྱ་གར་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་པའི་གྲངས་འབོར་ཚོད་འཛིན་མ་བྱས་ན་ནམ་ཞིག་ལ་དྭགས་ཀྱི་སྐྱེ་ཁམས་དང་རང་བྱུང་ཁོར་ཡུག་ལ་གསབ་ཐབས་མེད་པའི་གནོད་སྐྱོན་དང་གླེའི་མདུན་ལམ་ལ་ཆག་སྒོ་ཆེན་པོ་ཞིག་འབྱུང་ཉེན་ཆེ། རྒྱ་གར་གཞུང་གིས་འགན་འཁྲི་བླངས་ནས་ཡུལ་སྐོར་སྤྲོ་འཆམ་གྱི་ལས་རིགས་ཁག་ཐབས་མཁས་ཤིག་གཉེར་དགོས་པའི་དུས་སུ་བབས། རྒྱ་མཚོ་ནས་མཐོ་ཚད་ཁྲུ་༡༠༠༠༠་ལྷག་གི་ཡན་ཆད་དུ་ཆགས་པའི་རོ་བྲང་ལར་ཨ་ཐལ་ཕུག་ལམ་འཛུགས་སྐྲུན་བྱས་ནས་ཁོར་ཡུག་ལ་གནོད་སྐྱོན་ཕོག་ཡོད་ཤས་ཆེ། ༢༠༢༢་ཀྱི་ཕྱི་ཟླ་དང་པོའི་ཚེས་༡་ནས་ཕྱི་ཟླ་༨་པའི་ཚེས་༡༩་བར་དུ་རླངས་འཁོར་འབུམ་༧་དང་ཁྲི་ཚོ་༦་ལྷག་མཐོ་སྒང་དེར་འགྲོ་སྐྱོད་བྱས་ཚར་འདུག་པས་སྐྱེ་ཁམས་ལ་མ་གནོད་པ་ག་ལ་སྲིད་ཅེས་རྩོམ་ཡིག་སྤེལ།།

རྒྱ་གར་གྱི་ཕྱི་ལྟ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ལོ་༥༠་ཐམ་པའི་གོང་དུ་ལ་དྭགས་ལ་ཡུལ་སྐོར་སྤྲོ་འཆམ་པ་གཏོང་རྒྱུ་འགོ་ཚུགས་པའི་དུས་སུ་ཡུལ་སྐོར་སྤྲོ་འཆམ་པ་༥༠༠་ལྷག་མེད་མོད། འོན་ཀྱང་༢༠༢༢་ལོའི་མགོ་སྟོད་ཟླ་བ་༨་ཀྱི་ནང་དུ་ལ་དྭགས་སུ་ཡུལ་སྐོར་སྤྲོ་འཆམ་པ་འབུམ་༤་དང་ཕྱེད་ཀ་ལྷག་བསླེབས། ད་དུང་ལ་དྭགས་ཀྱི་ས་གནས་ཁག་ཏུ་ལོ་ཧྲིལ་པོར་འཕྲུལ་རྟའི་རུ་ཁག་རྣམས་འདུས་ནས་སྐོར་སྐྱོད་བྱ་རྒྱུ་ཇེ་མང་དུ་སོང་། ༢༠༡༨་ལོ་ནས་རི་སྐྱེས་སེམས་ཅན་སྲུང་སྐྱོབ་པ་དང་སྤྱི་ཚོགས་ལས་འགུལ་བ་ཚོས་འཕྲུལ་རྟའི་སྐོར་སྐྱོད་ཁག་ལ་ངོ་རྒོལ་བྱ་རྒྱུ་མགོ་བརྩམས། ལ་དྭགས་ཀྱི་འཕྲུལ་རྟ་སྐོར་སྐྱོད་ས་ཁུལ་དེའི་རྒྱ་ཁྱོན་དེར་སྤྱི་ལེ་སྟོང་ཕྲག་མང་པོ་ཡོད་པ་དང་འཛམ་གླིང་གི་ས་གནས་གཞན་དུ་འཕྲུལ་རྟའི་སྐོར་སྐྱོད་བྱ་ཡུལ་དེ་འདྲ་མེད་པས་ལོ་རེ་བཞིན་མི་ཚོགས་འདུ་རྒྱུ་ཇེ་མང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག ཧིན་བོད་ས་མཚམས་ནས་སེ་ཆེན་འཁྱག་རོམ་དང་ནུབ་རའི་ལུང་གཤོང་། སྤང་གོང་མཚོ་འགྲམ་རྣམས་ནི་མཛེས་སྡུག་ལྡན་པ་དང་ས་གནས་དེ་དག་ཏུ་ངོ་མཚར་ཆེ་བའི་ལྟད་མོར་བལྟ་རྒྱུ་ཡོད་པས་ཨ་དི་དི་ཡ་པ་ཊེལ་ཟེར་བའི་རྒྱ་གར་བ་ཞིག་གིས་ལ་དྭགས་ཀྱི་ས་མཐོ་དེ་རྣམས་འགྲོ་བ་མིའི་འདུན་པར་ཉམས་ཚོད་ལེན་ས་ཞིག་རེད། ད་ལྟ་ལ་དྭགས་སུ་འཛམ་གླིང་གི་འཕྲུལ་རྟའི་རྒྱུག་ལམ་མཐོ་ཤོས་དེ་ཡོད་པ་དང་ས་རྒྱ་ཆེ་དྲགས་ཏེ་སྐོར་ཐེངས་གཅིག་གིས་བལྟས་ཚར་གྱི་མི་འདུག དེར་བརྟེན་འཕྲུལ་རྟ་བཞོན་མཁན་རྣམས་ལོ་ནས་ལོ་བསྟུད་དེ་ཡོང་གི་ཡོད་པ་རེད། ལ་དྭགས་སུ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་གི་ཡོད་པ་རྣམས་བསམ་ཤེས་ཅན་ཡིན་ཞིང་། མི་དེ་ཚོས་རང་གི་གད་སྙིགས་ཚང་མ་འཐུ་ཡི་འདུག ལོ་གཅིག་གི་ཟླ་བ་༤་ནས་༥་ཙམ་ལ་མ་གཏོགས་ལ་དྭགས་སུ་འགྲུལ་པ་མི་ཐར། ངས་བལྟས་ན་ལ་དྭགས་སུ་ཡུལ་སྐོར་སྤྲོ་འཆམ་པ་ཚོད་འཛིན་བྱེད་དགོས་ཟེར་གྱི་ཡོད་པར་དགེ་མཚན་མི་འདུག་སྙམ་ཞེས་བཀྲལ། ཁོ་པ་འདས་པའི་ལོ་ལྔའི་རིང་འཕྲུལ་རྟ་བཞོན་ནས་ལ་དྭགས་ཀྱི་ས་གནས་ཀུན་ཏུ་མྱུག

ལོ་ན་༣༥་ལ་སོན་པའི་གུལ་ཛར་ཧུ་སེན་ཟེར་བའི་ལ་དྭགས་པ་ཁ་ཆེ་ཞིག་གིས་འགྲིམ་འགྲུལ་ལས་ཁུངས་ཤིག་ཕྱེ། ཁོ་པས་འདས་པའི་ལོ་༡༢་ཀྱི་རིང་འགྲུལ་པ་ཚོར་འགྱིག་དམ་དང་འགྱིག་ཤོག་ཉུང་དུ་ཐོངས་ཞེས་ནན་སྐུལ་བྱས་པ་ཡིན། ལོ་གཅིག་གི་ཟླ་བ་ཁ་ཤས་མིན་པར་ལོ་ཧྲིལ་པོར་ལ་དྭགས་སུ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་ཐུབ་པའི་མཐུན་རྐྱེན་བསྐྲུན་དགོས། ལ་དྭགས་ལ་མཛེས་སྡུག་ལྡན་པའི་ནམ་ཟླ་༦་ཡོད་པ་དང་ང་ཚོས་ཉི་མ་༣༦༥་ལ་སྐུ་མགྲོན་སྣེ་ལེན་བྱེད་ཐུབ་པ་ཞིག་བྱུང་ན་ལེགས། འཛམ་གླིང་ཡོངས་སུ་རྒྱུན་འཁྱོངས་ཐུབ་པའི་ཡུལ་སྐོར་སྤྲོ་འཆམ་ལས་རིགས་དར་སྤེལ་དང་འཚོ་བའི་ལམ་སྲོལ་གསར་པ་ཞིག་ཚུགས་ཀྱི་ཡོད་པ་རེད། ང་ཚོས་ཀྱང་རྒྱུན་འཁྱོངས་ཐུབ་པའི་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་གཉེར་ནས་མདུན་སྐྱོད་བྱ་རྒྱུ་ལས་གདམ་ཀ་གཞན་པ་མེད། ང་ཚོས་འགྱིག་དམ་དང་འགྱིག་ཤོག་ཉུང་དུ་ཐོངས་ཞེས་གཟུངས་སྔགས་བགྲངས་པ་ལྟར་འགྲུལ་པ་ཚོར་བཤད་ཀྱི་ཡོད། རྒྱ་གར་གཞུང་གིས་ལ་དྭགས་ཀྱི་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས་པའི་གོ་རྟོགས་སྤེལ་བའི་ལས་གཞི་མང་དུ་གཉེར་དགོས་ཀྱི་འདུག་ཅེས་བསྟན། རྒྱ་གར་གྱི་གསར་འགྱུར་ལས་ཁང་༩་པས་གནས་ཚུལ་སྤེལ་བ་ལྟར་ན། ཨ་ལིཀ་སི་ཇེན་སེན་ཞེས་པའི་ལས་འགུལ་བ་ཞིག་གིས་རྒྱ་གར་གྱི་བྷོ་ལི་ཝུ་ཌི་གློག་བརྙན་བཟོ་སྐྲུན་ཁང་གིས་ལ་དྭགས་ཀྱི་ས་གནས་ཁག་ཏུ་གླེན་པ་གསུམ་ཞེས་པའི་གློག་བརྙན་ཞིག་འཁྲབ། ད་ལྟ་རྒྱ་ལམ་དང་ཕུག་ལམ་འཛུགས་སྐྲུན། རྒྱ་གར་གཞུང་གིས་ལ་དྭགས་སུ་ཡུལ་སྐོར་སྤྲོ་འཆམ་པ་གཏོང་ཐབས་ཀྱི་ལས་གཞི་ཁག་གཉེར་གྱི་ཡོད་པ་བཅས་ཀྱིས་མི་ཚོགས་འདུ་རྒྱུ་ཇེ་མང་དུ་ཕྱིན་འདུག་ཅེས་འགྲེལ་བཤད་བརྒྱབ།།

༡༩༧༤་ལོར་རྒྱ་གར་གཞུང་གིས་ལ་དྭགས་ཕྱི་ལ་སྒོ་མོ་ཕྱེ་སྟེ་ཡུལ་སྐོར་སྤྲོ་འཆམ་པ་༥༢༧་བསླེབས་ཡོད་པ་དེའི་གྲས་ཀྱི་འགྲུལ་པ་༥༠༠་ཐམ་པ་ཕྱི་རྒྱལ་བ་དང་འགྲུལ་པ་༢༧་རྒྱ་གར་བ་ཡིན་ཞིང་། དུས་རབས་ཕྱེད་ཀའི་རྗེས་སུ་ལ་དྭགས་ཀྱི་མགྲོན་ཁང་དང་ཟ་ཁང་། ཁྱིམ་བསུ་མགྲོན་ཁང་རྣམས་བརྒྱ་ཆ་༧༠་ལྷག་ཇེ་མང་དུ་སོང་། ཁོར་ཡུག་སྲུང་སྐྱོབ་པ་ཨ་ལིཀ་སི་ཇེན་སེན་གྱིས་ལ་དྭགས་ལ་འགྲུལ་པ་ཇེ་མང་དུ་སོང་བའི་རྐྱེན་གྱིས་གད་སྙིགས་གང་སར་སྤུངས། ཡུལ་སྐོར་སྤྲོ་འཆམ་པ་མང་བའི་དུས་སུ་ཉིན་རེར་འགྱིག་དམ་ཁྲི་ཚོ་༣་རེ་གཡུག་གི་འདུག ཡུལ་སྐོར་སྤྲོ་འཆམ་པས་ལ་དྭགས་ཀྱི་ས་མཐོའི་ཁོར་ཡུལ་ལ་གནོད་སྐྱོན་འཕོག་གི་ཡོད་པས་ས་གནས་སྲིད་གཞུང་ཁག་ཅིག་གིས་ཁོར་ཡུག་ལ་དོ་སྣང་བྱེད་ཀྱི་འདུག འགྱིག་དམ་བཀག་འགོག་མ་བྱས་པར་ལ་དྭགས་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཐུབ་རྒྱུ་ཁག་པོ་རེད། ད་དུང་ལ་དྭགས་ཀྱི་ས་གནས་ཁག་ཏུ་ཚད་ལས་བརྒལ་བའི་འཛུགས་སྐྲུན་བྱེད་ཀྱི་ཡོད་པར་ཚོད་འཛིན་བྱེད་དགོས་ཀྱི་འདུག ༢༠༡༦་ལོར་རྒྱལ་ས་གླེར་འགྲུལ་པའི་ཉལ་༡༢༤༧༤་ཡོད་ཀྱང་༢༠༢༢་ལོར་ཉལ་ཁྲི་༡༧༡༠༤་བར་དུ་འཕར་འདུག དེ་བཞིན་ལ་དྭགས་སུ་གློག་དང་ཆུའི་དགོས་མཁོ་མང་དུ་སོང་བ་དང་མགྲོན་ཁང་ཁག་གིས་ས་འོག་ནས་ཆུ་འཐེན། ལ་དྭགས་ཀྱི་ས་ཞིང་མང་ཆེ་བའི་སྟེང་དུ་མགྲོན་ཁང་འཛུགས་སྐྲུན་བྱས་ནས་ཡུལ་ལྗོངས་ཀྱི་རྣམ་པ་སྒྱུར་གྱི་འདུག་ཅེས་འགྲེལ་བརྗོད་བྱས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG