ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་གར་གྲོས་ཚོགས་ཀྱི་གཞུང་འབྲེལ་སྐད་ཡིག་ཚོགས་ཆུང་དང་མོན་ཡུལ།


༄༅།། རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་ཀྱི་གཞུང་འབྲེལ་སྐད་ཡིག་ཚོགས་ཆུང་གི་སྐུ་ཚབ་ཚོགས་པ་ཞིག་མོན་ཡུལ་དུ་ཉི་མ་གསུམ་ལ་འཚམས་འདྲིར་ཕེབས་འདུག ཕྱི་ཟླ་༩་པའི་ཚེས་༢༤་ཉིན་ཨ་རུ་ན་ཅལ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་གྲོས་ཚོགས་འོག་མའི་གཞུང་འབྲེལ་སྐད་ཡིག་ཚོགས་ཆུང་གི་ཚོགས་གཙོ་རམ་ཅནྡྲ་ཇང་རས་འགོ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་མོན་ཡུལ་དུ་འབྱོར་ཏེ་མོན་ཡུལ་གྱི་རྒྱ་གར་དབུས་གཞུང་གི་ལས་ཁུངས་ཁག་དང་སྒྲིག་འཛུགས་ཁག་ཏུ་གཞུང་འབྲེལ་སྐད་ཡིག་ཧིན་རྡི་བཀོལ་སྤྱོད་བྱེད་ཀྱི་ཡོད་མེད་སོགས་ལ་རྟོག་ཞིབ་བྱས་འདུག རྫོག་དཔོན་ལས་ཁུངས་ཀྱི་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་པ་དེའི་སྐབས་སུ་གྲོས་ཚོགས་ཀྱི་སྐད་ཡིག་ཚོགས་ཆུང་གི་ཚོགས་གཙོ་ཇང་རས་གྲོས་ཚོགས་འོག་མའི་གཞུང་འབྲེལ་སྐད་ཡིག་ཚོགས་ཆུང་ལ་དམིགས་བསལ་གྱི་དབང་ཚད་ཡོད། ང་ཚོས་ལོ་ལྟར་སྐད་ཡིག་བཀོལ་སྤྱོད་ཀྱི་ཁྲིམས་དང་སྒྲིག་གཞི་ཁག་ལ་འགྱུར་བཅོས་གཏོང་གི་ཡོད། ཧིན་རྡི་ནི་རྒྱ་གར་གྱི་གཞུང་འབྲེལ་སྐད་ཡིག་ཡིན་པས་ངེས་པར་དུ་བཀོལ་སྤྱོད་བྱ་དགོས་ཞེས་བསྒྲགས། རྒྱ་གར་གྱི་གྲོས་ཚོགས་འོག་མའི་གཞུང་འབྲེལ་སྐད་ཡིག་ཚོགས་ཆུང་གི་ཚོགས་མི་ཚོས་ར་ཇིབ་གན་དཱི་སློབ་གྲྭ་ཆེན་མོ་དང་རྒྱལ་ཡོངས་འཕྲུལ་རིག་སློབ་གྲྭ་ཆེན་མོ། བྱང་ཤར་མངའ་ཁུལ་གྱི་ཚན་རིག་དང་འཕྲུལ་རིག་སློབ་གླིང་གི་ལས་སྣེ་ཚོར་ཐུག་འཕྲད་བྱས་ནས་མོན་ཡུལ་དུ་རྒྱ་གར་གྱི་གཞུང་འབྲེལ་སྐད་ཡིག་ཧིན་རྡི་དར་ཁྱབ་གཏོང་དགོས་པའི་ནན་སྐུལ་དང་དེའི་གནད་འགག་སོགས་གསལ་བཀྲོལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་གྲོས་ཚོགས་འོག་མའི་སྐད་ཡིག་ཚོགས་ཆུང་གི་ཚོགས་གཙོ་རམ་ཅནྡྲ་ཇང་རས་མུ་མཐུད་དུ་བཤད་པ་ལྟར་ན། ༡༩༤༩་ལོའི་ཕྱི་ཟླ་༩་པའི་ཚེས་༡༤་ཉིན་རྒྱ་གར་གཞུང་གིས་ཧིན་རྡི་རྒྱལ་ཁབ་ཀྱི་གཞུང་འབྲེལ་སྐད་ཡིག་ཏུ་བཀོལ་སྤྱོད་བྱ་རྒྱུའི་ཐག་གཅོད་བྱས་པ་རེད། འཛིན་སྐྱོང་གི་ལས་ཁུངས་ཁག་ཏུ་བཀོལ་སྤྱོད་བྱེད་བཞིན་པའི་སྐད་ཡིག་དེ་ཉིད་ཀུན་གྱིས་གོ་ཐུབ་པ་དང་གོ་བརྡ་འཕྲོད་ཐུབ་པ་ཞིག་ཡིན་དགོས། ཧིན་རྡི་ནི་ཚན་རིག་དང་མཐུན་པའི་སྐད་ཡིག་ཅིག་ཡིན་པས་དེ་ལ་སྐད་ཡིག་གཞན་གྱིས་དོ་ཟླ་མི་ཆོད། རྒྱ་གར་ལ་རང་བཙན་ཐོབ་ནས་ལོ་༧༥་ཕྱིན་ཀྱང་ཐུན་མོང་གི་སྤྱི་སྐད་ཅིག་དར་སྤེལ་གཏོང་ཐུབ་ཀྱི་མེད་པ་དང་རྒྱལ་ཁབ་ཀྱི་སྤྱི་དམངས་ཚང་མས་ཕན་ཚུན་གོ་བརྡ་འཕྲོད་ཐུབ་ཀྱི་མེད་པ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་རེད། སློབ་གྲྭའི་ཤེས་ཡོན་སློབ་ཁྲིད་ཀྱི་ཞོར་དུ་བྱིས་པ་ཚོར་ཀུན་སྤྱོད་ཀྱི་བསླབ་བྱ་རྣམས་དང་གཞི་རྩའི་ཤེས་ཡོན་སློབ་སྦྱོང་རྣམས་རང་རང་གི་ཕ་སྐད་དུ་བསླབས་ན་ལེགས་ཞེས་བསྟན། དེ་བཞིན་གྲོས་ཚོགས་ཀྱི་གཞུང་འབྲེལ་སྐད་ཡིག་ཚོགས་ཆུང་གི་ཚོགས་མི་ཤྱམ་སིང་ཡ་ཏབ་ཀྱིས་ཀྱང་ཧིན་རྡི་ནི་རྒྱལ་ཡོངས་ཀྱི་སྐད་ཡིག་དང་འབྲེལ་མཐུད་ཀྱི་བརྒྱུད་ལམ་དུ་བསྒྱུར་དགོས་པ་དེར་ངེས་པར་དུ་ཡར་སྐུལ་བྱ་དགོས་ཞེས་ནན་གྱིས་བསྐུལ། དེང་སྐབས་རྒྱ་གར་ལ་གཞུང་འབྲེལ་སྐད་ཡིག་༢༢་ཡོད་ཀྱང་བྷོ་ཊིའི་སྐད་ཡིག་སྟེ། ལ་དྭགས་དང་གར་ཞ། སྤི་ཏེ་དང་ཁུ་ནུ། འབྲས་ལྗོངས་དང་མོན་ཡུལ་བཅས་སུ་སྨྲ་བརྗོད་བྱེད་ཀྱི་ཡོད་པའི་བོད་ཡིག་བོད་སྐད་རྒྱ་གར་གྱི་གཞུང་འབྲེལ་སྐད་ཡིག་ཁོངས་སུ་ངོས་འཛིན་མ་ཐོབ།།

༢༠༢༠་ལོའི་ཕྱི་ཟླ་༩་པའི་ཚེས་༡༥་ཉིན་རྒྱ་གར་གྱི་དེ་རིང་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་ལྟར་ན། ཨ་རུ་ན་ཅལ་མངའ་སྡེ་ཧྲིལ་པོར་ཚོ་ཤོག་ཆེན་པོ་༢༦་དང་ཚོ་ཤོག་ཆུང་བ་བརྒྱ་ལྷག མངའ་སྡེ་དེར་ཡུལ་སྐད་ཆེན་པོ་༥༠་ཐམ་པ་ཡོད་ཀྱང་ཡི་གེ་ཡོད་པའི་ཚོ་ཤོག་འགའ་ཤས་ལས་མེད་ཅིང་། དབྱིན་ཇི་ནི་མངའ་སྡེ་དེའི་གཞུང་འབྲེལ་སྐད་ཡིག་ངོ་མ་ཡིན་རུང་མང་ཚོགས་ཀྱིས་ཧིན་རྡི་སྐད་ཡིག་བཀོལ་སྤྱོད་བྱས་ནས་ཕན་ཚུན་གོ་བརྡ་སྤྲོད་ཀྱི་འདུག ཨ་རུ་ན་ཅལ་མངའ་སྡེའི་གཞུང་འབྲེལ་སྐད་ཡིག་ཁོངས་སུ་དབྱིན་ཇི་དང་ཧིན་རྡིའི་མཉམ་དུ་ལེགས་སྦྱར་སྐད་ཀྱང་གདམ་ཀར་སྤྲད་འདུག་ཅེས་གནས་ཚུལ་སྤེལ། རྟ་དབང་རྫོང་གི་སློབ་མའི་མཐུན་ཚོགས་ཀྱི་སྐུ་ཚབ་མ་ཇུ་ཨེ་རུ་ཞེས་པ་ཞིག་གིས་བྱང་ཤར་མཐའ་མཚམས་ཀྱི་ས་ཁུལ་ཁག་གི་ཡུལ་མི་ཏ་གྷིན་བ་ཚོས་ཏ་གྷིན་སྐད་དང་ནི་ཤི་བ་ཚོས་ནི་ཤི་སྐད་སྨྲ་བརྗོད་བྱེད་ཀྱི་རེད། ཡིན་ནའང་རྒྱ་གར་གྱི་དམག་མི་བསླེབས་པའི་རྗེས་སུ་ཧིན་རྡིའི་སྐད་ཡིག་དར་ཁྱབ་བཏང་སྟེ་ང་ཚོས་ཀྱང་ཧིན་རྡིའི་སྐད་ཡིག་སློབ་སྦྱོང་བྱ་རྒྱུ་འགོ་བཙུགས་པ་ཡིན། ང་ཚོའི་ཧིན་རྡིའི་སྒྲ་གདངས་ནི་གཞན་དང་མ་འདྲ་བ་ཞིག་ཡིན་སྲིད། འོན་ཀྱང་ང་ཚོས་ཧིན་རྡི་སྐད་ཡག་པོ་བཤད་ཐུབ་ཀྱི་ཡོད། ཐོག་མར་ང་ཚོར་རྒྱ་གར་གྱི་དམག་མིའི་ཤུགས་རྐྱེན་ཐེབས་ནས་ཧིན་རྡི་སྦྱངས་པ་དང་དེ་ནས་སློབ་གྲྭའི་ནང་དུ་ཧིན་རྡི་བསླབས་པ་རེད་ཅེས་མོན་ཡུལ་དུ་ཧིན་རྡི་དར་སྟངས་ཀྱི་རྒྱུད་རིམ་ཁག་ཞིབ་ཏུ་བཀྲལ། ཏ་ནི་ཚོ་ཤོག་གི་ཁོངས་སུ་གྷ་ལོ་དང་ནི་ཤི། མི་ཡུང་དང་ཨ་པ་ཏ་ནི། ཏ་གྷིན་བཅས་ཚོ་ཤོག་ཆུང་བ་འགའ་ཞིག་འདུས་ཀྱང་དེ་དག་ལ་ཡི་གེ་མེད་པར་འབྲི་ཀློག་གི་སྲོལ་རྒྱུན་མ་དར། ཨ་རུ་ན་ཅལ་མངའ་སྡེ་དང་བོད་གཉིས་སྤྱི་ལེ་༡༡༠༠་ཡས་མས་ཤིག་ས་མཚམས་འདྲེས་ཡོད་པས་རྒྱ་གར་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེར་ཧིན་རྡི་དར་སྤེལ་བཏང་ནས་རྒྱ་ནག་གིས་ལྷོ་བོད་ཅེས་འབོད་པའི་མངའ་ཁུལ་དེའི་བདག་དབང་རྒྱ་ནག་ལ་ཡོད་པའི་རྩོད་ལེན་བྱེད་ཀྱི་ཡོད་མེད་པ་གཞི་རྩ་མེད་པ་ཞིག་ཏུ་སྒྱུར་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་འདུག

ཌེ་ར་ན་ཏུང་གཞུང་གཉེར་མཐོ་སློབ་ཁང་གི་སློབ་དཔོན་ལས་རོགས་ཏུམ་བྷོམ་རི་བྷ་ལི་ལེས་བཤད་པ་ལྟར་ན། ཨ་རུ་ན་ཅལ་མངའ་སྡེར་ཚོ་ཤོགས་༢༦་ཡོད་པ་དང་ཚོ་ཤོག་ཆུང་བ་༡༠༠་ཡས་མས་ཤིག་ཡོད་པ་དེ་དག་ལ་རང་རང་གི་ཡུལ་སྐད་རེ་འདུག སྐད་བརྡ་རིག་པའི་ཐོག་ནས་བཤད་ན་ཡུལ་སྐད་གང་ཞིག་སྐད་ཡིག་ངོ་མ་ཞིག་ཏུ་འགྱུར་བར་སྐད་དེར་ཡི་གེ་ཞིག་མཁོ་ངེས་རེད། ཡུལ་སྐད་མང་པོ་ཞིག་ལ་ཡི་གེ་བཟོ་ཐུབ་མེད་པར་མ་ཟད། ང་ཚོར་གྷོ་དཱིའི་ཡི་གེ་ཟེར་བ་ཞིག་དང་ཏ་ནིའི་ཡི་གེ་ཟེར་བ་ཞིག་ཡོད་ཀྱང་ཡི་གེ་དེ་དག་ཚད་ལྡན་གྱི་ཡི་གེ་ཞིག་ཏུ་འགྱུར་ཐུབ་མེད། ང་ཚོས་ཡུལ་སྐད་དེ་དག་གི་ཡི་གེ་རྣམས་ཚད་ལྡན་ཞིག་ཏུ་བསྒྱུར་ཐུབ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད། ཚོ་ཤོག་ཚང་མར་རང་རང་གི་ཡུལ་སྐད་རེ་ཡོད་པས་ང་ཚོས་ཧིན་རྡིའི་སྐད་དུ་གོ་བརྡ་སྤྲོད་དགོས་ཐུག་གི་འདུག ད་ལྟ་ཧིན་རྡིའི་སྐད་ཡིག་ང་ཚོའི་སྤྱི་སྐད་དུ་གྱུར་ཡོད་པ་དང་ང་ཚོར་ཧིན་རྡི་སྐད་ཡིག་བཀོལ་སྤྱོད་བྱ་དགོས་ཞེས་བཙན་བཀའ་གཏོང་མཁན་སུ་གཅིག་མེད་ཅེས་སྨྲས། ཨ་རུ་ན་ཅལ་མངའ་སྡེའི་གཞུང་གིས་ནང་པ་གྲངས་མང་ཡོད་པའི་རྫོང་ཁག་བཞིར་བོད་ཡིག་སློབ་ཁྲིད་བྱ་རྒྱུའི་ཐག་བཅད། རྟ་དབང་དང་མཁར་མང་། སྨན་ཆུ་ཁ། པདྨ་བཀོད་པ་དང་བྱང་(ས་མིང་ཕྱི་མ་དེའི་དག་ཆ་མ་ཤེས།)བཅས་ཀྱི་གཞུང་གཉེར་སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་ཁྲིད་བྱ་རྒྱུ་འགོ་ཚུགས། ད་ལོའི་ཕྱི་ཟླ་༤་པའི་ཚེས་༡་ཉིན་རྒྱ་གར་གྱི་བྷི་ཇེ་པི་གཞུང་འཛིན་ཚོགས་པའི་ལ་དྭགས་ཀྱི་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གྱིས་བྷོ་ཊའི་སྐད་ཡིག་རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་ཨང་༨་པའི་ཁོངས་སུ་འཇུག་དགོས། བྷོ་ཌའི་སྐད་ཡིག་དེ་བོད་སྐད་ཡིན་པ་དང་བོད་ཡིག་བོད་སྐད་ནི་ལ་དྭགས་དང་ཧི་མ་ཅལ་མངའ་སྡེའི་ས་གནས་ཁག འབྲས་ལྗོངས་དང་འབྲུག་ཡུལ། བོད་དང་མོན་ཡུལ། ཐ་ན་སོག་ཡུལ་སོགས་རྒྱལ་ཁབ་དང་མི་རིགས་ཇི་སྙེད་ཅིག་གིས་བཀོལ་སྤྱོད་བྱེད་ཀྱི་ཡོད། བྷོ་ཊའི་སྐད་ཡིག་ཀྱང་རྒྱ་གར་གྱི་གཞུང་འབྲེལ་སྐད་ཡིག་ཁོངས་སུ་བཅུག་སྟེ་ངོས་འཛིན་བྱ་དགོས་ཞེས་གྲོས་ཚོགས་སུ་གྲོས་གཞི་བཏོན་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG