ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

བོད་ཀྱི་ར་ལུག་བལ་ཡུལ་དུ་ནང་འདྲེན་བྱས་མ་ཐུབ་པའི་དཀའ་ངལ།


Pashmina Goats
Pashmina Goats

༄༅།། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་བལ་ཡུལ་ལ་ས་མཚམས་སྒོ་བརྒྱབ་སྟེ་ཀོ་ར་ལའི་འགག་སྒོ་བཀག བལ་བོད་ས་མཚམས་བཀག་པའི་རྗེས་སུ་བལ་པོའི་ཚོང་པ་ཚོས་བོད་ནས་ར་ལུག་ཉོ་བསྡུ་བྱེད་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

༄༅།། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་བལ་ཡུལ་ལ་ས་མཚམས་སྒོ་བརྒྱབ་སྟེ་ཀོ་ར་ལའི་འགག་སྒོ་བཀག བལ་བོད་ས་མཚམས་བཀག་པའི་རྗེས་སུ་བལ་པོའི་ཚོང་པ་ཚོས་བོད་ནས་ར་ལུག་ཉོ་བསྡུ་བྱེད་ཐུབ་ཀྱི་མེད་ཅིང་། བདུན་ཕྲག་རྗེས་མའི་གཟའ་ཟླ་བ་ནས་བལ་ལ་ལྷ་མཆོད་དུས་ཆེན་ཚུགས་ཀྱི་ཡོད་པ་དང་བལ་པོ་ཚོང་པ་ཚོས་གློ་བོའི་ཡུལ་དང་དར་ཆུ་ལ་སོགས་ནས་བྱང་ར་ཉོ་བསྡུ་བྱས་ནས་བལ་ཡུལ་ནུབ་ཕྱོགས་ཀྱི་བྷག་ལུང་དང་པར་བྷ་ཏ་ཁྲོམ་ར་སོགས་སུ་ཚོང་འགྲེམ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༩་པའི་ཚེས་༢༧་ཉིན་བལ་ཡུལ་གྱི་རི་པོབ་ལི་ཀ་དྲྭ་ཚིགས་སུ་གནས་ཚུལ་ཐོན་པ་ལྟར་ན། གློ་བོའི་ཡུལ་དང་དར་ཆུ་ལ་སོགས་ནས་བྱང་ར་ཉོ་རྒྱུ་ནི་དུས་ཡུན་རིང་པོ་འགོར་བ་དང་དཀའ་ངལ་ཆེ་བའི་ཚོང་ལས་ཤིག་ཡིན་ཞིང་། བྷག་ལུང་ཁྲོམ་རའི་ཚོང་པ་མ་ཧན་དྷ་ར་ཁེ་སི་ཞེས་པ་ཞིག་གིས་པར་བྷ་ཏ་ས་གནས་ཀྱི་ཚོང་པ་གཉིས་དང་རྒྱལ་ས་ཀ་ཐ་མན་རྡུའི་ཚོང་པ་གཉིས་བཅས་མི་བཞི་མཉམ་འབྲེལ་གྱིས་བྱང་ར་༢༥༠་ཐམ་པ་ལྷ་མཆོད་དུས་ཆེན་ལ་དམིགས་ནས་ཉོ་བསྡུ་བྱས་འདུག བྱང་ར་ཁག་ཅིག་རྒྱལ་ས་ཀ་ཐ་མན་རྡུའི་ཕྱོགས་སུ་བཙོང་རྒྱུ་དང་བྱང་ར་ལྷག་འཕྲོ་རྣམས་བྷག་ལུང་དང་པར་བྷ་ཏ་ས་གནས་ཀྱི་ཁྲོམ་ར་ཁག་ཏུ་བཙོང་འཆར་ཡོད། མི་༦་གིས་བྱང་ར་དེ་རྣམས་ཉོ་བསྡུ་བྱས་པ་རེད་ཅེས་བཀྲལ།།

གློ་བོའི་ཡུལ་དང་རྫོང་གསར། ཀག་བྷེ་ནི་དང་ཆ་དམར་བཅས་སུ་བྱང་ར་འཚོ་སྐྱོང་བྱེད་ཀྱི་ཡོད་པ་རྣམས་བལ་ཡུལ་གྱི་ཚོང་པ་ཚོས་ཉོ་བསྡུ་བྱས་ནས་ལོ་ལྟར་མཱི་ཡག་དྷི་དང་བྷག་ལུང། པར་བྷ་ཏ་དང་སྤོག་ར། རྒྱལ་ས་ཀ་ཐ་མན་རྡུ་བཅས་སུ་ཚོང་འགྲེམ་བྱེད་ཀྱི་ཡོད་ཅིང་། མ་ཧན་དྷ་ར་ཁེ་སིས་བྱང་ར་ཤ་ཤེད་ཅན་དང་ཚོན་པོ་ཞིག་ལ་གློ་བོའི་ཡུལ་དུ་བལ་སྒོར་ཁྲི་ཚོ་༤་རེ་སྤྲོད་དགོས་ཀྱི་འདུག བལ་ཡུལ་གྱི་ཁྲོམ་ར་ཁག་ཏུ་བྱང་ར་རེར་བལ་སྒོར་༤༥༠༠༠་ལྷག་བྱས་ནས་འཚོང་གི་འདུག ཡིན་ནའང་༢༠༢༢་ལོར་བོད་ནས་ར་ལུག་ནང་འདྲེན་བྱེད་ཐུབ་ཀྱི་མེད་པ་དང་གློ་བོའི་ཡུལ་སོགས་ན་བྱང་ར་འདང་ངེས་མེད་པས་ལྷ་མཆོད་དུས་ཆེན་སྐབས་སུ་ར་ཤ་འདང་ངེས་མེད་པའི་དཀའ་ངལ་འཕྲད་ས་རེད་ཅེས་བློ་འཚབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག སྔོན་ཆད་བྱང་ར་རེར་བལ་སྒོར་༢༧༠༠༠་ཡས་མས་རེ་ཡིན་མོད། དེང་སྐབས་བྱང་རའི་རིན་གོང་ཆེས་ཆེར་འཕར་ཏེ་བལ་སྒོར་༤༠༠༠༠་ལྷག་སྤྲོད་དགོས་པར་གྱུར། བྱང་རའི་ར་ཤ་ནི་རིན་གོང་ཆེན་པོ་ཡིན་རུང་བལ་པོ་ཚོས་ལྷ་མཆོད་དུས་ཆེན་སྐབས་སུ་ར་ཤ་ཟ་རྒྱུར་ཤིན་ཏུ་དགའ།།

ཀུ་ས་མ་གྲོང་རྡལ་གྱི་ཚོང་པ་ར་ཇུ་པུན་ཞེས་པ་ཞིག་གིས་གསར་འགོད་པར་བཤད་པ་ལྟར་ན། ད་ལོ་བྱང་རའི་རིན་གོང་འཕར་བའི་སྟབས་ཀྱིས་ཚོང་པ་རྙིང་པ་རྣམས་ཀྱང་བྱང་ར་ཉོ་བསྡུ་བྱེད་དུ་ཕྱིན་མེད་པ་དང་ལོ་འདིའི་བྱང་རའི་ཚོང་ལས་ལ་ཁེ་སང་མི་འདུག ལོ་འགའ་ཞིག་གི་སྔོན་དུའང་བྷག་ལུང་ཁྲོམ་རར་བྱང་ར་༢༠༠༠་ཡས་མས་ཤིག་ལས་བཙོང་རྒྱུ་མེད་ཀྱང་བྱང་རའི་རིན་གོང་འདི་འདྲ་ཞིག་འཕར་མ་སོང་། ད་ནས་རིམ་བཞིན་ར་ཚོང་རྒྱག་མཁན་ཚོར་དཀའ་ངལ་ཆེ་རུ་འགྲོ་ས་རེད་ཅེས་བསྟན། བལ་ཡུལ་གྱི་ཚོང་པ་ཚོས་ར་གོང་འཕར་བའི་རྒྱུ་རྐྱེན་གཞན་པ་ཞིག་ནི་ཏོག་དབྱིབས་ནད་ཡམས་ཁྱབ་པར་འབྲེལ་བ་འདུག་ཅེས་བློ་ཁ་གཅིག་ཏུ་མཐུན། བལ་ཡུལ་དུ་ར་ལུག་བཙོང་རྒྱུ་ཡོད་ཀྱང་བྱང་ར་ནི་འཕྲོད་ལ་མི་གནོད་པ་དང་བྱང་རའི་ར་ཤ་ཞིམ་པོ་ཡོད་པས་ལྷ་མཆོད་དུས་ཆེན་སྐབས་སུ་དམིགས་བསལ་གྱི་དགོས་མཁོ་ཆེ་ཞིང་། ལྷོ་མཆོད་དུས་ཆེན་ནི་བལ་ཡུལ་གྱི་ཧིན་རྡུ་ཆོས་ལུགས་ཀྱི་རྗེས་འབྲང་བ་ཚོའི་དུས་སྟོན་ཆེ་ཤོས་དེ་ཡིན་ཞིང་། ལྷ་མཆོད་དུས་ཆེན་སྐབས་སུ་སྲང་ལམ་གཡས་གཡོན་ཀུན་ཏུ་ར་ལུག་ཁྲི་ཚོ་མང་པོ་བཤས་ནས་རྭ་ཅོ་རྣམས་རི་ལྟར་སྤུངས་ཡོད་པར་མ་ཟད། སེམས་ཅན་གྱི་ཐོབ་ཐང་རྩོད་ལེན་ཚོགས་པ་ཁག་གིས་ཆོས་ལུགས་ཀྱི་དུས་ཆེན་ཞིག་གི་ཆེད་དུ་ར་ལུག་དམར་གསོད་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་དང་ངོ་རྒོལ་གྱི་ལས་འགུལ་སྤེལ་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༩་པའི་ཚེས་༢༥་ཉིན་བལ་ཡུལ་གྱི་ཧི་མ་ལ་ཡ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཧི་མ་ལ་ཡའི་ལྗོངས་སུ་འཚོ་སྐྱོང་བྱེད་བཞིན་པའི་ར་ལ་བལ་པོ་ཚོས་བྱང་ར་ཞེས་འབོད། ད་ལོ་བོད་ནས་ར་ལུག་ནང་འདྲེན་བྱེད་ཐུབ་ཀྱི་མེད་པས་དར་ཆུ་ལ་ནས་བྱང་ར་ཉོ་བསྡུ་བྱེད་ཀྱི་འདུག འདི་ནི་བལ་ཡུལ་གྱི་ལྷ་མཆོད་དུས་ཆེན་སྐབས་སུ་དར་ཆུ་ལ་ནས་བྱང་ར་ཉོ་བསྡུ་བྱས་པ་ཐེངས་དང་པོ་རེད། བལ་ཡུལ་གྱི་ར་ཚོང་ཁེ་ལས་ཁག་གིས་གློ་བོའི་ཡུལ་ནས་བྱང་ར་སྐྱེལ་འདྲེན་བྱ་རྒྱུ་རིན་གོང་ཆེ་དྲགས་ནས་གླགས་མ་ཁེལ། དེར་བརྟེན་དར་ཆུ་ལ་ནས་བྱང་ར་ཉོ་བསྡུ་བྱ་རྒྱུ་འགོ་བཙུགས་པ་རེད་ཅེས་གནས་ཚུལ་སྤེལ། བལ་ཡུལ་གྱི་ར་ཚོང་ཁེ་ལས་ཁང་ཞིག་གི་སྤྱི་ཁྱབ་འགན་འཛིན་མོ་ཧན་པར་ཀ་ཤ་ཟེར་བ་ཞིག་གིས་ང་ཚོས་བྱང་ར་གསོན་པ་རྒྱ་མར་བཀྱགས་ནས་སྤྱི་རྒྱ་གང་ལ་བལ་སྒོར་༡༡༥༠་རེ་སྤྲད་ནས་ཉོ་ཡི་ཡོད། ད་ལོའི་ལྷ་མཆོད་དུས་ཆེན་ལ་ཁྲོམ་རའི་ནང་དུ་ར་ཤའི་དགོས་མཁོ་ཆེན་པོ་ཡོད་པ་རྣམས་ཅི་ཐུབ་ཀྱིས་སྐོང་ཐབས་བྱེད་ཀྱི་ཡོད། དར་ཆུ་ལའི་གྲོང་གསེབ་ཁག་གི་མི་དམངས་ཀྱི་འཐུས་མི་ཚོ་དང་ས་གནས་ཀྱི་འབྲེལ་ཡོད་ལས་སྣེ་ཚོའི་རེ་འདུན་ལྟར་ང་ཚོས་གྲོང་གསེབ་ཁག་ཏུ་འབྲས་དང་གྲོ་ཕྱེ། སྲན་མའི་རིགས་དང་ཚྭ། བྱེ་མ་ཀ་ར་སོགས་མཁོ་ངེས་ཀྱི་འཚོ་བའི་མཐུན་རྐྱེན་རྣམས་ཐད་འཕུར་གནམ་གྲུའི་ནང་དུ་སྐྱེལ་འདྲེན་བྱེད་ཀྱི་ཡོད་ཅེས་བཤད་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG