ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

གནམ་གཤིས་འགྱུར་ལྡོག་གིས་འབྲུག་ཡུལ་ལ་འཁྱག་རོམ་ཞུ་སྟེ་ཆུ་ལོག་རྒྱུག་ཉེན། 


༄༅།། འབྲུག་ཡུལ་ནི་ནག་རྫས་ཉུང་དུ་བཏང་བའི་རྒྱལ་ཁབ་ཐོག་མའི་གྲས་སུ་ཚུད་ཀྱང་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་གྱིས་རྟག་ཏུ་གཙེས། དེང་སྐབས་འབྲུག་ཡུལ་གྱི་འཁྱག་རོམ་རྣམས་ཞུ་བ་དང་རྒྱུག་ཆུ་བཞུར་ཏེ་མཚེའུ་འཁྱིལ། མཚེའུ་ཁག་གི་ཆུ་ལུག་སྟེ་ཆུ་ལོག་གི་ཉེན་ཁ་ཆེ་རུ་སོང་། ཕྱི་ཟླ་༡༡་པའི་ཚེས་༡་ཉིན་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་གི་ནག་རྫས་གཏོང་མཁན་རྒྱལ་ཁབ་ཁག་གིས་ངེས་པར་དུ་ནག་རྫས་ཉུང་འཕྲི་དང་གནམ་གཤིས་འགྱུར་ལྡོག་བཀག་སྡོམ་གྱི་འགན་འཁྲི་ལེན་དགོས། རྒྱ་མཚོ་ནས་མཐོ་ཚད་མི་ཊར་༤༢༠༠་ཙམ་གྱི་ཡན་ཆད་དུ་ཆགས་པའི་འབྲུག་ཡུལ་གྱི་ལུང་ནག་ན་ཞེས་པའི་གྲོང་གསེབ་དེར་ཁྱིམ་ཚང་༡༧་ཡོད་པ་དེ་དག་གི་གནས་སྟངས་ལ་གཞིགས་ཚེ། ཕྱི་ལོགས་ཀྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཡོང་ཐུབ་ས་ཞིག་མིན་ཞིང་། རྒྱལ་ས་ཐིམ་ཕུ་ནས་ཉིན་བདུན་ལ་རྐང་ཐང་དུ་བསྐྱོད་དགོས་པ་དང་གྲོང་གསེབ་དེར་བགྲོད་ལམ་གཞན་ཞིག་ཡོད་པ་ནི་ནམ་ངོ་ཐང་བའི་དུས་སུ་ཐད་འཕུར་གནམ་གྲུའི་ནང་དུ་བསྐྱོད་དགོས། ལུང་ནག་ན་ས་ཁུལ་དུ་གངས་རི་དང་འཁྱག་རོམ། སྔོན་པོ་གཡུ་ལྟར་གྱི་མཚེའུ་མང་པོས་བརྒྱན་ཏེ་ཡུལ་ལྗོངས་ཤིན་ཏུ་མཛེས། ད་ལྟ་གངས་རི་དང་འཁྱག་རོམ་རྣམས་ཞུ་སྟེ་མཚེའུ་དག་གི་ཆུ་ཚད་འཕེལ། ལུང་ནག་ནའི་གྲོང་གསེབ་རྣམས་ཆུ་ལོག་གིས་བསྣུབ་རྒྱུའི་ཉེན་ཁ་ཡོད་པའི་གནས་ཚུལ་ཐོན་འདུག

འཁྱག་རོམ་རིག་པ་བ་ཀརྨ་ཞེས་པ་ཞིག་གིས་ལུང་ནག་ནའི་མཚེའུ་ཁག་གི་ཆུ་ལོག་ལ་གནམ་ནས་འཕྱུར་བའི་མཚོ་རླབས་ཟེར་བའི་མིང་བཏགས། འབྲུག་ཡུལ་གྱི་ས་གནས་ཁག་ཏུ་མཚེའུ་གཅིག་འཕྱུར་ནས་མཚོ་ཆུ་རྣམས་མཚེའུ་གཞན་ཞིག་གི་ནང་དུ་བསགས། དེ་ནས་མཚེའུ་གཞན་པ་དེ་ལུག་སྟེ་ཆུ་ལོག་རྒྱུག་རྒྱུའི་ཉེན་ཁ་ཇེ་ཆེར་འགྲོ་ཡི་འདུག་ཅེས་བསྟན། འབྲུག་ཡུལ་དུ་མཚེའུ་༡༧་ཡོད་པ་དེ་དག་གི་གྲས་ཀྱི་གསུམ་ནི་མཚོ་ཆུ་ལུག་སྟེ་ཆུ་ལོག་རྒྱུག་སྲིད་པའི་ཉེན་ཁ་ཤིན་ཏུ་ཆེ། འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་ཚ་དྲོད་རྒྱས་བཞིན་པ་འདིར་འབྲུག་པ་ཚོས་བཟོ་གྲྭ་དང་རྡོ་སོལ་གྱི་གློག་ཁང་གི་དུ་བ་ནག་པོ་བཏང་བའི་ལན་ཁག་མེད་ཀྱང་འཁྱག་རོམ་དང་གངས་རི་རྣམས་ཞུ་སྟེ་མཚེའུ་འཁྱིལ་ནས་ཆུ་ལོག་གི་མཇུག་འབྲས་གཅིག་མཚུངས་སུ་མྱོང་གི་ཡོད་ཅིང་། འཁྱག་རོམ་རིག་པ་བ་ཀརྨ་དང་ལས་རོགས་ཚོ་ལོ་ལྟར་ཟླ་ཤས་རིང་ལུང་ནག་ནར་བསྡད་དེ་འཁྱག་རོམ་ཞུ་ཚད་དང་མཚེའུ་ཁག་གི་མཚོ་ཆུའི་འཕེལ་ཚད་ལ་བརྟག་ཞིབ། ཁོ་ཚོས་འབྲུག་ཡུལ་གྱི་མཚེའུ་གཉིས་ནས་མཚོ་ཆུ་ལུག་སྟེ་ཆུ་ལོག་གི་ཉེན་ཁ་འབྱུང་ས་རེད། མཚེའུ་གཉིས་སྒང་འབུར་སྲབ་པོ་ཞིག་གིས་བར་བཅད་ཡོད་པ་དང་བར་གཅོད་དེ་བསྣུབས་ན་༡༩༩༤་ལོར་འབྲུག་ཡུལ་དུ་ཆུ་ལོག་བརྒྱུགས་པ་ལས་ཀྱང་ཐུ་བ་ཞིག་འབྱུང་ས་རེད་ཅེས་ཉེན་བརྡ་བཏང་འདུག

རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་ཡུལ་གྱི་མཚེའུ་གཉིས་ཁ་ཤོར་ན་ལུང་ནག་ན་འབའ་ཞིག་མིན་པར་སྨད་ཕྱོགས་ཀྱི་ས་གནས་འགའ་ཞིག་དང་ཆུ་ཤུགས་གློག་ཁང་ཆེས་ཤོས་གཉིས་བསྣུབ་ཤས་ཆེ། ཆུ་ཤུགས་གློག་ཁང་དེ་དག་ནས་ཐོན་པའི་གློག་རྣམས་རྒྱ་གར་ལ་ཕྱིར་ཚོང་དང་ཆུ་མཛོད་ནང་གི་ཆུ་རྣམས་འབྲུག་ཡུལ་གྱི་ཞིང་ལས་ལ་དགོས་མཁོ་ཆེ་བར་མ་ཟད། རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལའང་ལེགས་སྐྱེལ་འབུལ་གྱི་འདུག ༡༩༩༤་ལོར་ལུང་ནག་ནར་ཆུ་ལོག་བརྒྱུགས་པ་ཡུལ་མི་ཚོས་བརྗེད་ཀྱི་མེད་པ་དང་དབང་མོ་ཞེས་པའི་བུད་མེད་ཅིག་གིས་གསར་འགོད་པར་ང་ཚོ་སྲོག་མགོ་ཐོན་ཐབས་སུ་བྲོས་པ་ཡིན། དགོང་མོའི་ཆུ་ཚོད་༩་པ་ཙམ་ལ་སྒྲ་སྐད་ཆེན་པོ་ཞིག་གྲགས་བྱུང་། ངས་ཆུ་ལོག་བརྒྱུགས་པ་རེད་ཅེས་ཚོད་དཔག་བྱས་པ་ཡིན། ང་ཚོས་དགོང་མོའི་མུན་ནག་ཁྲོད་དུ་བྱིས་པ་དང་རྒན་རྒོན་རྣམས་ཁྲིད་ནས་མཐོ་ས་ཞིག་ཏུ་བྲོས། ཡིན་ནའང་མངའ་ཁུལ་དེའི་མི་༢༠་ལྷག་ལ་སྲོག་སྐྱོན་དང་མི་མང་གི་ཁང་པ། ས་ཞིང་དང་རྒྱ་ལམ་ཐམས་ཅད་བསྣུབས། ང་ཚོས་ཆུ་ལོག་གི་གཞུག་ཏུ་འཛུགས་སྐྲུན་བསྐྱར་གསོ་བྱ་རྒྱུ་དེར་ཡུན་རིང་འགོར་སོང་། ད་ལྟ་སྒྲ་སྐད་ཕྲ་མོ་ཞིག་གིས་ཀྱང་གྲོང་གསེབ་པ་འདྲོག་སློང་གི་འདུག་ཅེས་བཀྲལ།།

གཟའ་འཁོར་འདི་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་ཚོགས་ཆེན་ཐེངས་༢༧་པ་འཚོགས་བཞིན་ཡོད་པ་དེའི་ཐོག་ཏུ་ནག་རྫས་ཉུང་དུ་གཏོང་ཐབས་སུ་སྲིད་གཞུང་ཁག་གིས་སྔོན་ཆད་ཁས་ལེན་བྱས་པ་རྣམས་ལག་ལེན་བསྟར་དགོས། ནག་རྫས་ཉུང་འཕྲིའི་ལས་རིགས་ཁག་ལ་མ་རྩ་བཙུགས་ནས་འཛམ་གླིང་ཡོངས་སུ་ཉི་གློག་དང་རླུང་ཤུགས་བཀོལ་སྤྱོད་བྱ་རྒྱུ་དར་སྤེལ་གཏོང་དགོས། ཞིང་ལས་དང་སྐྱེལ་འདྲེན་གྱི་ལས་རིགས་ཁག་ལའང་ནག་རྫས་ཤུགས་ཆེན་གཏོང་བའི་འཕྲུལ་ཆས་ཁག་བཀོལ་སྤྱོད་བྱ་རྒྱུ་ཚོད་འཛིན་བྱ་དགོས་ཞེས་ནན་གྱིས་བསྐུལ། རྡོ་སྣུམ་དང་རྡོ་སོལ་གྱི་ལས་རིགས་ཁག་ལ་གཞུང་གིས་རོགས་དངུལ་སྤྲོད་རྒྱུ་མཚམས་འཇོག་བྱ་དགོས། ནག་རྫས་བཏང་བར་དཔྱ་ཁྲལ་འགེལ་རྒྱུ་དང་ནག་རྫས་ཉུང་བ་གཏོང་བའི་ལས་རིགས་ཁག་ལ་དཔྱ་ཁྲལ་ཆག་ཡང་གཏོང་རྒྱུ། འཕྲུལ་རིག་གསར་པ་བཀོལ་ནས་ནག་རྫས་མེད་པར་གཏོང་དགོས་ཞེས་བགྲོ་གླེང་འཚོགས་འདུག རྒྱལ་ཁབ་འགའ་ཞིག་གིས་ནགས་ཚལ་དང་ན་འདམ། སྐྱེད་ཚལ་དང་མཚེའུ་སོགས་ཀྱིས་ནག་རྫས་འཐེན་གྱི་ཡོད་པ་ཤེས་རྟོགས་བྱུང་སྟེ་ནགས་ཚལ་འདེབས་འཛུགས། སྐྱེད་ཚལ་དང་ན་འདམ། མཚེའུ་སོགས་ལ་སྲུང་སྐྱོབ་བྱས་ནས་བདག་གཅེས་ཀྱི་ལས་དོན་བསྒྲུབ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུ་འགོ་ཚུགས། སྤྱི་དམངས་ཚོགས་སྡེ་ཁག་གིས་མི་དམངས་ལ་ནག་རྫས་ཀྱི་ཉེན་ཁ་དང་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐེབས་ཀྱི་ཡོད་པའི་དཀའ་ངལ་ལ་གདོང་ལེན་ཇི་ལྟར་བྱེད་དགོས་པའི་གོ་རྟོགས་མཐོ་རུ་གཏོང་བའི་ལས་འགུལ་སྤེལ་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

༢༠༡༩་ལོར་ལུང་ནག་ན་ཞེས་པའི་འབྲུག་པའི་གློག་བརྙན་ཞིག་མ་ཐོན་བར་དུ་རྒྱལ་སྤྱིའི་ཐོག་ཏུ་ལུང་ནག་ན་ཞེས་པའི་ས་གནས་དེ་མི་ཕལ་མོ་ཆེས་གོ་ཐོས་མ་བྱུང་ཞིང་། གསར་འགོད་པ་ལུང་ནག་ནར་བསྐྱོད་པའི་སྐབས་དེར་ལུང་ནག་ན་ཞེས་པའི་གློག་བརྙན་ནང་གི་བུ་མོ་འཛིན་གྲྭ་གཉིས་པ་དང་ལོ་༨་ལ་སོན་པའི་འཆི་མེད་གཡང་འཛོམས་ཟེར་བ་དེས་གསར་འགོད་པ་བརྒྱུད་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་སྐད་ཅིག་བསྐུར། སྐད་བསྐུར་དེའི་ནང་དུ་ངའི་གྲོང་གསེབ་ནི་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གིས་སྣུབ་གྲབས་ཡོད་པའི་ཚད་དེར་ལྷུང་ཡོད། འཁྱག་རོམ་རྣམས་ཞུ་ཡི་ཡོད་པ་དང་ང་ཚོའི་གྲོང་གསེབ་ཀྱི་གོང་དེར་ཆགས་པའི་མཚེའུ་རྣམས་ཉིན་ལྟར་ཇེ་ཆེ་དང་ཇེ་ཆེ་རེད། ང་ཚོར་ཏན་ཏན་ཆུ་ལོག་གི་གནོད་འཚེ་འཕོག་རྒྱུ་དེར་ཐེ་ཚོམ་བྱེད་དགོས་ཀྱི་མི་འདུག ང་ཚོས་ཡུན་རིང་མི་འགོར་བར་འཁྱག་རོམ་དང་གངས་རི་རྣམས་མཐོང་རྒྱུ་མེད་པར་འགྱུར་ས་རེད། འཁྱག་རོམ་དང་མཚེའུ་རྣམས་མཛེས་སྡུག་ལྡན། ལུང་ནག་པ་རྣམས་ཡིད་དུ་འོང་བའི་མི་མང་ཞིག་ཡིན། རྒྱལ་ཁབ་ཆེ་ཆུང་གཉིས་ཀས་ང་ཚོའི་གྲོང་གསེབ་འདི་སྐྱོབ་ཐབས་མཛོད། ང་ཚོ་ཚང་མས་སྟོབས་ཤུགས་མཉམ་དུ་སྤུངས་ན་ལུང་ནག་ན་གཅིག་པུ་མ་ཡིན་པར་འཛམ་གླིང་ཧྲིལ་པོ་སྐྱོབ་ཐུབ་ཅེས་བྲིས་པའི་འཕྲིན་ཡིག་དེ་འབྲུག་ཡུལ་གྱི་ཕྱི་སྲིད་བློན་ཆེན་རྟ་མགྲིན་རྡོ་རྗེས་མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་ཚོགས་ཆེན་ཐོག་ཏུ་སྒྲོགས་སྦྱང་ཞུས། བུ་མོ་འཆི་མེད་གཡང་འཛོམས་ཀྱིས་ཉེན་བརྡ་བཏང་བ་དེས་འབྲུག་ཡུལ་ཙམ་མིན་པར་ཧི་མ་ལ་ཡའི་ལྗོངས་ཀྱི་གངས་རི་དང་འཁྱག་རོམ་རྣམས་ཞུ་སྟེ་འཛམ་གླིང་གི་མི་དམངས་དུང་ཕྱུར་མང་པོར་ཆུ་ལོག་གི་གནོད་འཚེ་ཕོག་སྟེ་ཁང་པ་དང་ས་ཞིང་རྣམས་བསྣུབ་རྒྱུ། མ་འོངས་པར་མི་མང་མི་སྙེད་ཅིག་ལ་འཐུང་ཆུ་དང་ཞིང་ཆུ་འདྲེན་གཏོང་མེད་པར་ས་གཞི་བྱེ་ཐང་དུ་འགྱུར་རྒྱུའི་ཉེན་ཁ་ཆེ་བ་དངོས་སུ་བསྟན་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG