ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

 འབྲུག་པའི་ཤེས་ཡོན་ཅན་ཚོ་ཕྱི་ལ་བསྐྱོད་དོན་དང་སྤྱི་ཚོགས་ཀྱི་གནད་དོན།


༄༅།། འབྲུག་གཞུང་གིས་རང་གི་སྤྱི་དམངས་རྣམས་ཨོ་གླིང་དུ་ལས་ཀར་ཡོང་ཆོག་པའི་ཐོངས་མཆན་སྤྲོད་དགོས་ཞེས་ཨོ་གླིང་གཞུང་ལ་འབོད་སྐུལ་ཞུས། ཕྱི་ཟླ་༡༠་པའི་ཚེས་༢༢་ཉིན་འབྲུག་ཡུལ་གྱི་ཀུན་གསལ་གསར་ཤོག་ལ་གནས་ཚུལ་ཐོན་པ་ལྟར་ན། འབྲུག་གཞུང་གིས་ཨོ་གླིང་གཞུང་ལ་འབྲུག་པ་ཚོར་ལས་ཀ་དང་སྦྱོང་བརྡར། གུང་སེང་དུ་བསྐྱོད་ཆོག་པའི་ཐོངས་མཆན་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཏེ་འབྲུག་པ་ཚོ་ཨོ་གླིང་དུ་སློབ་སྦྱོང་དང་ལས་ཀར་བསྐྱོད་ཐུབ་པའི་རོགས་ཕན་སྒྲུབ་ཀྱི་ཡོད་ཅིང་། ཨོ་གླིང་དུ་སློབ་སྦྱོང་ལ་སྐྱོད་ཀྱི་ཡོད་པའི་འབྲུག་པའི་སློབ་ཕྲུག་ཚོར་འབྲུག་གཞུང་གིས་སློབ་ཡོན་རོགས་རམ་སྤྲོད་རྒྱུའི་འགན་ལེན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཉེ་ཆར་འབྲུག་ཡུལ་གྱི་ཕྱི་སྲིད་བློན་ཆེན་རྟ་མགྲིན་རྡོ་རྗེ་དང་ལས་རྩོལ་བློན་ཆེན་ཀརྨ་རྡོ་རྗེ་གཉིས་ཀྱིས་རྒྱལ་ས་ཐིམ་ཕུ་གྲོང་ཁྱེར་དུ་ཤེས་ཡོན་སློབ་གསོའི་ལམ་སྟོན་པ་ཚོགས་པ་ཁག་དང་འབྲེལ་མཐུད་ཚོགས་པ་ཁག་བཅས་ཚོགས་པ་༥༠་ལྷག་གི་སྐུ་ཚབ་ཚོར་ཐུག་འཕྲད་ཀྱིས་ཕྱི་རྒྱལ་ལ་སློབ་སྦྱོང་དུ་བསྐྱོད་འདོད་ཡོད་པའི་འབྲུག་པའི་ན་གཞོན་ཚོར་རྒྱབ་སྐྱོར་དང་རོགས་སྐྱོར་ཇི་ལྟར་བྱེད་དགོས་མིན་གྲོས་སྡུར་བྱས་འདུག ཕྱི་སྲིད་བློན་ཆེན་རྟ་མགྲིན་རྡོ་རྗེས་སློབ་ཕྲུག་གང་ཞིག་གིས་རང་ངོས་ནས་སློབ་ཡོན་སྤྲོད་མ་ཐུབ་ཚེ། འབྲུག་གཞུང་གིས་སློབ་ཕྲུག་དེར་སློབ་ཡོན་རོགས་རམ་སྤྲོད་ཆོག སློབ་ཕྲུག་དེས་བདམས་གསེས་བྱས་པའི་གཞུང་ལུགས་ཁོ་ན་སློབ་སྦྱོང་བྱ་དགོས་པ་དང་སློབ་གྲྭ་ཐོན་པའི་རྗེས་སུ་རང་ཡུལ་དུ་ཕྱིར་ལོག་བྱས་ནས་སྲི་ཞུ་བསྒྲུབ་རྒྱུའི་གན་རྒྱ་འཇོག་དགོས་ཞེས་ནན་བརྗོད་བྱས་འདུག

ཕྱི་ཟླ་༡༠་པའི་ཚེས་༡༩་ཉིན་ཌིབ་ལོ་མེ་ཊི་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཐོག་མར་༡༩༦༢་ལོར་སྐབས་དེའི་ཨོ་གླིང་གི་སྲིད་བློན་རོ་བྷར་ཊི་གྷོར་ཌོན་མེན་ཛིས་འབྲུག་གཞུང་གི་སྐུ་ཚབ་ཅིག་སིངྒ་ལའི་རྒྱལ་ས་ཀོ་ལོམ་བྷོར་ཚོགས་པའི་འཆར་འགོད་ཚོགས་ཆེན་ལ་གདན་འདྲེན་ཞུས། འབྲུག་ཡུལ་དང་ཨོ་གླིང་གཉིས་ཀྱིས་ཕྱི་འབྲེལ་འཛུགས་པའི་གོམས་སྟབས་དང་པོ་ནི་དེ་ལྟར་སྤོས། ལོ་༦༠་ཐམ་པའི་ཡར་སྔོན་དེར་ཕྱི་རྒྱལ་དུ་ཆགས་པའི་འབྲུག་པའི་ཁ་འཐོར་སྤྱི་ཚོགས་ཆེ་ཤོས་དེ་ཨོ་གླིང་དུ་ཡོད་པར་འགྱུར་རྒྱུ་ཡིན་པ་ནི་སུ་གཅིག་གིས་ཀྱང་ཚོད་དཔག་མ་ཐུབ། དེང་སྐབས་ཨོ་གླིང་རྒྱལ་ཡོངས་སུ་འབྲུག་པ་ཁྲི་ཚོ་༣་ལྷག་ཡོད་ཅིང་། ཨོ་གླིང་གཞུང་གིས་ལོ་རབས་༩༠་པའི་མཇུག་དང་སྟོང་ལོ་གསར་པའི་མགོ་སྟོད་ནས་འབྲུག་ཡུལ་གྱི་མིའི་ནུས་ཤུགས་ཡར་རྒྱས་གཏོང་རྒྱུའི་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུ་འགོ་ཚུགས། ཨོ་གླིང་ནི་འབྲུག་པ་ཚོ་རྒྱལ་སྤྱིའི་ཡུལ་གྲུ་ཁག་གི་གྲས་སུ་སློབ་སྦྱོང་ལ་བསྐྱོད་ཡུལ་གཙོ་བོ་ཞིག་ཏུ་གྱུར། ད་ལྟའི་འབྲུག་ཡུལ་གྱི་གཞུང་འཛིན་ཚོགས་པའི་མཐོ་རིམ་ལས་སྣེ་འགའ་ཞིག་ཨོ་གླིང་གི་སློབ་ཆེན་ཁག་ནས་ཐོན། ༢༠༢༢་ལར་ཏོག་དབྱིབས་ནད་ཡམས་འཇོམས་པའི་རྗེས་སུ་ཨོ་གླིང་གཞུང་གིས་ཕྱི་ལ་སྒོ་མོ་ཕྱེ། འབྲུག་པ་ཚོ་ཨོ་གླིང་དུ་གཏན་སྡོད་གཞིས་ཆགས་སུ་བསྐྱོད་རྒྱུ་ཇེ་མང་དུ་སོང་། ཨོ་གླིང་དུ་གཏན་སྡོད་བྱེད་བཞིན་པའི་འབྲུག་པ་ཚོས་རང་ཡུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་མི་མང་གི་འགྲིམ་འགྲུལ་བཅས་ལ་ཕན་ཐོགས་འབྱུང་གི་ཡོད་ཀྱང་འབྲུག་ཡུལ་གྱི་སྨན་པ་དང་ཤེས་ཡོན་སློབ་གསོ། སྤྱི་དམངས་སྲི་ཞུའི་ལས་རིགས་ཁག་གི་ཆེད་ལས་པ་རྣམས་ཕྱི་ལ་བསྐྱོད་ཐབས་སུ་འབད་དེ་འབྲུག་གཞུང་གི་ལས་བྱེད་པ་འཇོན་ཐང་ཅན་རྣམས་ཕྱི་ལ་ཤོར་ནས་དཀའ་ངལ་འཕྲད། ད་དུང་འབྲུག་པའི་མི་དམངས་དཀྱུས་མའི་གྲས་སུ་ཕྱི་རྒྱལ་དུ་བསྐྱོད་ཐབས་དང་ཐོངས་མཆན་ཐོབ་ཐབས་བྱེད་ཀྱི་ཡོད་པའི་གྲངས་འབོར་ནི་འབྲུག་གཞུང་གིས་རྩིས་ཐེབས་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

འདས་པའི་ལོ་དེར་འབྲུག་རྒྱལ་ཡོངས་ཀྱི་གཞུང་གི་ལས་ཁུངས་ཁག་གི་སྲི་ཞུ་བ་༨༠༠་ལྷག་གིས་རང་རང་གི་ལས་གནས་ཁག་ནས་དགོངས་པ་ཞུས་ཡོད་པར་མ་ཟད། ཟླ་བ་རེར་ཆ་མཉམ་འབྲུག་གཞུང་གི་སྲི་ཞུ་བ་༡༠༢་རེས་དགོངས་པ་ཞུས་པའི་གནས་ཚུལ་ཐོན། གྲངས་འབོར་དེ་རྒྱལ་ཁབ་གཞན་ལ་བསྡུར་ན་ཆེན་པོ་ཞིག་མིན་རུང་མི་འབོར་༧༥༠༠༠༠་ཡས་མས་ཤིག་ལས་མེད་པའི་འབྲུག་ཡུལ་ལ་མཚོན་ན་མི་གྲངས་མང་པོ་ཡིན་པས་འབྲུག་གཞུང་གི་འཛིན་སྐྱོང་ནུས་པར་དོ་ཕོག་བྱུང་། འབྲུག་གཞུང་གིས་རང་གི་སྤྱི་དམངས་ལ་ཤེས་ཡོན་སློབ་སྦྱོང་རིན་མེད་དང་འཕྲོད་བསྟེན་ལྟ་སྐྱོང་རིན་མེད་དུ་མཁོ་སྦྱོར་བྱེད་ཀྱི་ཡོད་པས་འབྲུག་ཡུལ་ལ་མི་ཆའི་མཁོ་དགོས་ཤིན་ཏུ་ཆེ། ལྷག་པར་དུ་ཏོག་དབྱིབས་ནད་ཡམས་དུས་སུ་མི་ཆ་འདང་ངེས་མེད་པར་དཀའ་ངལ་ཕྲད། ད་ལྟ་ནད་ཡམས་འཇོམས་པའི་རྗེས་སུ་འབྲུག་པ་ཤེས་ཡོན་ཅན་དང་འཇོན་ཐང་ཅན་རྣམས་སྡེབ་ཐོན་བྱེད་ཀྱི་ཡོད་པ་སྟེ། དཔེར་ན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་འབྲུག་རྒྱལ་ཡོངས་སུ་ཆ་མཉམ་མི་གྲངས་༥༠༠༠་རེར་སྨན་པ་གཅིག་ལས་མི་འདུག སྨན་པ་དང་མི་མང་གི་ཆ་གྲངས་སྙོམས་དགོས་ན་མི་མང་༡༠༠༠་རེར་སྨན་པ་གཅིག་རེ་དགོས་ཀྱི་འདུག་ཅེས་བསྟན། འབྲུག་པ་ཆེད་ལས་པ་དང་འཇོན་ཐང་ཅན་རྣམས་ཕྱི་ལ་འཆོར་གྱི་ཡོད་པ་དེར་ས་གནས་ཁག་ཏུ་མི་དམངས་ལ་བློ་འཚབ་ཇེ་ཆེར་སོང་སྟེ་ནམ་ཞིག་འབྲུག་ཡུལ་གྱི་གྲོང་གསེབ་ཁག་ཏུ་རྒན་རྒོན་མ་གཏོགས་ལུས་རྒྱུ་མིན་པའི་ཉེན་ཁ་ཆེ་ཞེས་གླེང་། ད་ལྟ་ཉི་མ་རེ་ཟུང་རེའི་མཚམས་ནས་འབྲུག་ཡུལ་གྱི་གསར་འགྱུར་ལས་ཁང་ཁག་གིས་འབྲུག་པའི་ན་གཞོན་ཚོ་ཅིའི་ཕྱིར་ཕྱི་རྒྱལ་ལ་སྐྱོད་ཀྱི་ཡོད་པ་རེད་ཅེས་ཆེད་བརྗོད་སྤེལ། འབྲུག་པ་ཚོས་བཟའ་མི་དང་སྡེ་མི། སྐབས་འགར་ཚོང་ལས་ཡག་པོ་ཡོད་པ་དང་གཞུང་གི་ལས་ཀ་བརྟན་པོ་ཡོད་པ་རྣམས་ཀྱང་བཞག་སྟེ་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་བསྐྱོད། འབྲུག་ཡུལ་ནི་བདེ་ལྡན་ཞིང་ཞིག་མིན་ནམ། འབྲུག་པའི་སྤྱི་དམངས་རྣམས་མ་རྩ་རིང་ལུགས་ཀྱི་འཕྲུལ་འཁོར་དེའི་ལྷུ་ལག་ཅིག་ལ་ཅིའི་ཕྱིར་འགྱུར་དུ་འཇུག་གི་ཡོད་པ་རེད་ཅེས་དྲིས་ཚེ། འབྲུག་པ་སྐད་ཆ་འདྲི་ཡུལ་ཐམས་ཅད་ཀྱིས་རང་ཡུལ་དུ་གོ་སྐབས་མི་འདུག་ཅེས་ལན་འདེབས་གཅིག་མཚུངས་ཤིག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཌིབ་ལོ་མེ་ཊི་དུས་དེབ་ལ་མུ་མཐུད་དུ་གནས་ཚུལ་འཁོད་པ་ལྟར་ན། འབྲུག་ཡུལ་གྱི་ན་གཞོན་ཚོར་གོ་སྐབས་མེད་པ་དང་ལས་ཀ་མ་རག་པ། ཕྱི་རྒྱལ་ལ་གཏན་སྡོད་གཞིས་ཆགས་སུ་ཐར་ཐབས་བྱེད་ཀྱི་ཡོད་པར་རྒྱུ་རྐྱེན་སྣ་ཚོགས་ཤིག་འདུག འབྲུག་གཞུང་གིས་བཏོན་པའི་སྙན་ཐོ་ཞིག་ཏུ་ན་གཞོན་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༩༩་ལྷག་གི་དཀའ་ངལ་ནི་དཔལ་འབྱོར་གྱི་དཀའ་ངལ་རེད། ཁོ་ཚོས་ཟས་སོང་འཕར་ཏེ་འབྲུག་པའི་དངུལ་སྒོར་གྱི་འཛའ་ཐང་ཉམས་ནས་ཅི་ཡང་ཉོ་སྒྲུབ་བྱེད་ཐུབ་ཀྱི་མི་འདུག དེ་ལས་ཕྱི་ལ་ཐར་ཐབས་བྱས་ནས་ཨ་སྒོར་གྱི་གླ་ཕོགས་བླངས་ན་ལེགས། འབྲུག་པ་ཚོར་གཅིག་གྱུར་གྱི་སྐད་ཆ་བཤད་སྟངས་ཤིག་ཡོད་པ་ནི་ངས་འབྲུག་ཡུལ་དུ་མི་ཚེ་ཧྲིལ་པོར་དཀའ་ལས་རྒྱག་རྒྱུའི་ཚབ་ཏུ་ཨོ་གླིང་ལ་ཕྱིན་ནས་ལོ་ལྔར་དཀའ་ལས་བརྒྱབ་ན་ཡོང་འབབ་མང་བ་འདུག་ཅེས་བཤད། ད་ལྟ་འབྲུག་ཡུལ་གྱི་ན་གཞོན་ཚོས་རྒྱལ་པོ་དང་རྒྱལ་ཁབ། མི་དམངས་བཅས་རྩ་བ་གསུམ་ལ་སྲི་ཞུ་སྒྲུབ་རྒྱུ་དོར་ནས་ཨ་སྒོར་ལ་སྲི་ཞུ་སྒྲུབ། འབྲུག་གཞུང་གི་སྲི་ཞུ་བའི་ཡིག་རྒྱུགས་འཕྲོད་ཐབས་བྱ་རྒྱུ་བཞག་ནས་རྒྱལ་སྤྱིའི་དབྱིན་སྐད་སློབ་སྦྱོང་བྱ་རྒྱུ་གཙིགས་སུ་བཟུང་། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཀོད་སྒྲིག་བྱས་པའི་ཡར་རྒྱས་ལས་གཞིའི་ཚོགས་འདུའི་ཐོག་ཏུ་འབྲུག་ཡུལ་གྱི་ནོར་སྲིད་དུང་ཆེ་བཀྲ་ཤོ་སྐལ་བཟང་བདེ་སྐྱིད་ལ་འབྲུག་པའི་ན་གཞོན་ཚོ་ཕྱི་ལ་ཐར་ཐབས་སུ་འབད་ཀྱི་ཡོད་པའི་རྒྱུ་མཚན་ཅི་རེད་ཅེས་དྲིས། ཁོང་གིས་ང་ཚོས་འབྲུག་པའི་ན་གཞོན་ཚོར་མདུན་ལམ་བསྐྲུན་མ་ཐུབ་པས་རེད་ཅེས་གཡོ་ཟོལ་མེད་པར་འབྲུག་གཞུང་གི་ལས་དོན་འཐུས་ཤོར་བྱུང་བ་རྣམས་ཁས་བླངས། འབྲུག་གཞུང་གི་དཔོན་ཉམས་ལམ་ལུགས་དང་འགོ་ཁྲིད་ཚོས་འགན་འཁྲི་མི་ལེན་པ། རྒྱལ་ཁབ་འཛིན་སྐྱོང་གི་ནུས་པ་ཞན་པ་དང་ལྐོག་ཟ་རུལ་སུངས། གཉེན་སྐྱོང་གི་གོམས་གཤིས་བཅས་པ་འབྲུག་ཡུལ་གྱི་ན་གཞོན་ཚོ་ཕྱི་ལ་བསྐྱོད་དགོས་པའི་རྒྱུ་རྐྱེན་གཙོ་བོ་དེ་རེད་ཅེས་གནས་ཚུལ་སྤེལ་འདུག

ཀུན་གསལ་གསར་ཤོག་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། འབྲུག་པའི་གཞུང་གིས་ལྐོག་ཏུ་རང་གི་སྤྱི་དམངས་རྣམས་ཨོ་གླིང་ལ་བསྐྱོད་རྒྱུ་འགོག་ཐབས་བྱེད་ཀྱི་ཡོད་པའི་གླེང་སློང་འབྱུང་གི་ཡོད་མོད། འོན་ཀྱང་ཕྱི་སྲིད་བློན་ཆེན་རྟ་མགྲིན་རྡོ་རྗེས་འབྲུག་པ་ཚོ་ཨོ་གླིང་ལ་ལས་ཀར་བསྐྱོད་པར་དུས་རྒྱུན་གྱི་སྦྱོང་བརྡར་མི་དགོས་པར་ཐོངས་མཆན་སྤྲོད་རོགས་ཞེས་ཨོ་གླིང་གཞུང་ལ་འབོད་སྐུལ་ཞུས་ཡོད། ང་ལ་ཨོ་གླིང་གཞུང་གིས་འབྲུག་པ་ཚོར་ལས་ཀའི་ཐོངས་མཆན་སྤྲོད་རྒྱུའི་རེ་བ་ཡོད། ཅིའི་ཕྱིར་ཞེ་ན་ཉེ་ཆར་ཨོ་གླིང་གཞུང་གིས་སོག་པོ་ཚོར་ཐོངས་མཆན་སྤྲོད་འགོ་ཚུགས་སོང་། སོག་ཡུལ་དང་ཨོ་གླིང་གཞུང་གིས་ལོ་ལྔར་གྲོས་མོལ་བྱས་པ་རེད། འབྲུག་གཞུང་གིས་ཨོ་གླིང་ལ་ལས་རྩོལ་བའི་ཐོངས་མཆན་སྤྲོད་དགོས་པའི་འབོད་སྐུལ་ཞུས་པ་ཐེངས་དང་པོ་ཡིན་ཞེས་བཀྲལ། འབྲུག་པ་ཚོ་ཨོ་གླིང་དུ་བསྐྱོད་པའི་ཐབས་ལམ་གཞན་པ་ནི་སྦྱོང་བརྡར་ཐོབ་ནས་ཐོངས་མཆན་རག་རྒྱུ་དེ་ཡིན་ཞིང་། ཨོ་གླིང་གཞུང་གི་གཞི་གྲངས་སུ་འབྲུག་པ་༡༣༠༠༠་ལྷག་རྒྱལ་ཁབ་དེའི་ས་གནས་ཁག་ཏུ་བསྡད་ཡོད་པ་དང་ལོ་འདི་གཅིག་པུར་འབྲུག་པ་༥༠༠༠་ཡས་མས་ཤིག་ལ་ཐོངས་མཆན་སྤྲད། འབྲུག་ཡུལ་གྱི་སློབ་སྟོན་ཚོགས་པ་ཁག་དང་འབྲེལ་མཐུད་ཚོགས་པ་ཁག་གིས་སློབ་ཕྲུག་ཁག་ཅིག་གིས་མཐོ་སློབ་ཀྱི་སློབ་ཡོན་སྤྲོད་ཐུབ་ཀྱང་རྒྱུན་གྲོན་རྣམས་དངུལ་ཁང་ཁག་ལ་བུ་ལོན་བསྐྱིས་དགོས་པས་རག་གི་མེད་པ་དང་འབྲུག་གཞུང་གིས་དེར་རོགས་རམ་བྱ་དགོས་ཞེས་ནན་བརྗོད་བྱས་འདུག ད་དུང་འབྲུག་གཞུང་གིས་ཁྲིམས་མཐུན་གྱི་གཉེན་སྒྲིག་དཔང་ཡིག་སྤྲོད་རྒྱུ་དམ་དུ་བཏང་སྟེ་གཉེན་ཡིག་གི་ཆ་རྐྱེན་མང་དུ་བཏང་བ་དང་ཞིབ་ཚགས་ཆེ་རུ་བཏང་ཡོད་པ་བཅས་ལ་འགྱུར་བཅོས་གཏོང་དགོས། མི་དམངས་ཀྱི་དུས་ཚོད་བསྲི་ཚགས་བྱེད་པར་འབྲུག་ཡུལ་གྱི་སློབ་སྟོན་ལས་ཁུངས་ཁག་ལ་ཡིག་ཆ་དངོས་བདེན་ཡིན་མིན་བདེན་དཔང་བྱེད་ཆོག་པའི་དབང་ཚད་སྤྲོད་དགོས། འབྲུག་གཞུང་གིས་གཉེན་ཡིག་སྤྲོད་ཕྱོགས་ལ་བསྐྱར་ཞིབ་བྱ་དགོས་ཞེས་ནན་སྐུལ་བྱས་འདུག

XS
SM
MD
LG