ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཧི་མ་ལ་ཡའི་ཤར་པའི་ཐེབས་རྩ་ཁང་གིས་འཕགས་ལྡིང་སྨན་ཁང་སྒོ་འབྱེད། 


Himalayan Sherpa Hospital (Lhakpa Tsheri Sherpa Facebook)
Himalayan Sherpa Hospital (Lhakpa Tsheri Sherpa Facebook)

༄༅།། བལ་ཡུལ་གྱི་ཤར་པའི་ཧི་མ་ལ་ཡའི་ཐེབས་རྩ་ཁང་གིས་ས་གནས་མི་དམངས་དང་ཡུལ་སྐོར་སྤྲོ་འཆམ་པ་ཚོར་སྨན་བཅོས་དང་འཕྲོད་བསྟེན་ལྟ་སྐྱོང་གི་ཆེད་དུ་ཇོ་མོ་གླང་མའི་རི་འདབས་སུ་ཆགས་པའི་འཕགས་ལྡིང་ས་ཁུལ་དུ་ཉལ་ཁྲི་༡༥་ཅན་གྱི་དེང་རབས་སྨན་ཁང་ཞིག་སྒོ་ཕྱེ། ཕྱི་ཟླ་༡༡་པའི་ཚེས་༧་ཉིན་བལ་ཡུལ་གྱི་ཧི་མ་ལ་ཡ་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གཟའ་ཉི་མའི་ཉིན་བལ་ཡུལ་གྱི་སྲིད་འཛིན་བྷི་དྷི་ཡ་དཱེ་བི་བྷན་དྷ་རི་དངོས་སུ་འཕགས་ལྡིང་ས་ཁུལ་དུ་ཕེབས་ནས་སྨན་ཁང་སྒོ་འབྱེད་ཀྱི་མཛད་སྒོ་བསྐྱངས། སྨན་ཁང་སྒོ་འབྱེད་ཀྱི་མཛད་སྒོ་དེར་ཕྱི་རྒྱལ་གྱི་སྦྱིན་བདག་རྣམས་དང་ས་གནས་ཀྱི་འཐུས་མི་རྣམས། ས་གནས་ཡུལ་མི་བཅས་མི་གྲངས་སྟོང་ཕྲག་གཅིག་ཡས་མས་ཤིག་མཉམ་ཞུགས་བྱས་ཤིང་། གཟའ་འཁོར་འདིར་གསར་དུ་སྒོ་ཕྱེ་པའི་འཕགས་ལྡིང་སྨན་ཁང་གིས་ས་གནས་མི་མང་ཁྲི་ཚོ་གཅིག་ལྷག་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་ལ་འཕྲལ་དུ་སྨན་ཡོན་དམའ་མོའི་ཐོག་ཏུ་སྨོན་བཅོས་ཀྱི་མཐུན་རྐྱེན་སྦྱོར་ཐུབ་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

བལ་ཡུལ་གྱི་སྲིད་འཛིན་བྷན་དྷ་རིས་སྨན་ཁང་སྒོ་འབྱེད་ཀྱི་མཛད་སྒོའི་ཐོག་ཏུ་འཇར་མན་གྱི་སྦྱིན་བདག་རྣམས་དང་ཧི་མ་ལ་ཡའི་ཤར་པའི་ཐེབས་རྩ་ཁང་སོགས་ཀྱིས་འཕགས་ལྡིང་ས་གནས་སུ་སྨན་ཁང་འཛུགས་སྐྲུན་བྱས་པར་རྗེས་ཡི་རང་ཡོད་ཅེས་གཏམ་བཤད་བྱས་འདུག འཕགས་ལྡིང་ས་ཁུལ་ནི་ཇོ་མོ་གླང་མའི་རི་འདབས་སུ་མི་འབོར་མང་བའི་ས་ཁུལ་ཞིག་དང་ཇོ་མོ་གླང་མའི་གངས་རིར་འཛེག་ཏུ་འགྲོ་སའི་ལམ་ཁར་ཁེལ་ཡོད་ཅིང་། དེ་ནི་གངས་འཛེག་པ་རྣམས་ཇོ་མོ་གླང་མའི་རི་འདབས་སུ་ཞག་སྡོད་བྱ་ཡུལ་གཙོ་བོ་དེར་གྱུར། འཕགས་ལྡིང་ས་ཁུལ་གྱི་མངའ་འོག་ཏུ་གྲོང་གསེབ་༡༣་ཡོད་ཀྱང་ས་གནས་དེ་དག་གི་ཉེ་འཁྲིས་སུ་སྨན་ཁང་ཡོད་པ་ནི་ལུག་ལའི་པ་སངས་ལྷ་མོ་དང་ནི་ཀི་ནི་ཀོལ་སྨན་ཁང་ངམ། ཡང་ན་ཀུན་བདེ་ཧི་མ་ལ་ཡ་སྨན་ཁང་ཡིན་ཞིང་། འཕགས་ལྡིང་ས་ཁུལ་གྱི་གྲོང་གསེབ་པ་ཚོས་སྨན་ཞིག་ལེན་པའམ། ཡང་ན་སྤྱིར་བཏང་གི་སྨན་བཅོས་ཞིག་བྱེད་པར་སྨན་ཁང་དེར་ཉུང་མཐར་ཡང་དུས་ཡུན་ཆུ་ཚོད་གསུམ་ལ་རྐང་ཐང་དུ་བསྐྱོད་དགོས།།

ཧི་མ་ལ་ཡའི་ཐེབས་རྩ་ཁང་གི་ཚོགས་གཙོ་ཤར་པ་ཕུར་བ་རྒྱལ་མཚན་གྱིས་འཕགས་ལྡིང་ས་ཁུལ་དུ་གཞི་རྩའི་སྨན་བཅོས་ཤིག་ཀྱང་བྱེད་ཐུབ་ཀྱི་མེད་པ་དང་གང་ཅིའི་ཐད་དུ་དཀའ་ངལ་ཡོད་པར་གཞིགས་ནས་དེང་རབས་ཀྱི་མཐུན་རྐྱེན་ལྡན་པའི་སྨན་ཁང་ཞིག་སྒོ་འབྱེད་བྱ་རྒྱུའི་ལས་མགོ་བརྩམས་པ་ཡིན། སྨན་ཁང་འདིར་གློག་པར་དང་མངལ་བུ་བརྟག་དཔྱད། སྔོ་སྨན། འཚོ་རླུང་ཁ་སྣོན་གྱི་འཕྲུལ་ཆས་བཅས་ཀྱི་མཐུན་རྐྱེན་རྣམས་འཛོམས་ཡོད། འཇར་མན་པ་བྷོ་མན་དང་ཧོ་ཤོལ། འཇར་མན་གྱི་སྤྱི་ཚོགས་ལས་འགུལ་བ་སོགས་ཀྱིས་རྒྱབ་སྐྱོར་མེད་པར་སྨན་ཁང་འདི་འདྲ་ཞིག་སྒོ་འབྱེད་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། སྨན་ཁང་འདི་འཛུགས་སྐྲུན་བྱས་པར་བལ་སྒོར་དུང་ཕྱུར་གཉིས་འགྲོ་གྲོན་བཏང་ཡོད། ད་ལྟ་སྨན་པ་ཞིག་དང་སྨན་ཞབས་པ་གཉིས། བརྟག་དཔྱད་ཁང་གི་ལས་བྱེད་པ་གཅིག་དང་སྨན་ཞབས་ལས་རོགས་གཅིག་བཅས་ཡོད་པའི་གཏམ་བཤད་བྱས་པར་མ་ཟད། སྨན་ཁང་དེས་ས་གནས་ཀྱི་མ་རྩ་འཛུགས་མཁན་ཚོར་མཉམ་འབྲེལ་བྱས་ནས་མི་མང་ལ་རིན་མེད་དུ་སྨན་བཅོས་བྱེད་ཀྱི་ཡོད་ཀྱང་མ་འོངས་པར་སྨན་ཡོན་ཉུང་ཉུང་ཞིག་ལེན་དགོས་མིན་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བསྟན།།

Himalayan Sherpa Hospital (Dawa Sherpa Facebook)
Himalayan Sherpa Hospital (Dawa Sherpa Facebook)

བལ་ཡུལ་གྱི་གྲོས་ཚོགས་གོང་མའི་འཐུས་མི་ཤར་པ་བསོད་ནམས་རྒྱལ་མཚན་གྱིས་འཕགས་ལྡིང་ཁུལ་དུ་དེང་རབས་ཀྱི་སྨན་ཁང་ཞིག་སྒོ་འབྱེད་ཐུབ་པར་དགའ་ཚོར་ཤིན་ཏུ་ཆེ། སྨན་ཁང་གིས་ས་གནས་མི་མང་ལ་ནད་རིགས་སྔོན་འགོག་གི་སློབ་སྦྱོང་སྤྲད་ནས་ནད་མནར་མི་འབྱུང་བའི་ཐབས་སུ་འབད་དགོས་ཞེས་ནན་བརྗོད་བྱས་འདུག ཁུམ་བུ་པ་སངས་ལྷ་མོ་གྲོང་རྡལ་འཛིན་སྐྱོང་ཁང་གི་ཚོགས་གཙོ་ཤར་པ་མིག་དམར་ཚེ་རིང་གིས་ས་གནས་གཞུང་གིས་འཕྲོད་བསྟེན་ལྟ་སྐྱོང་གི་ལས་དོན་གཙིགས་སུ་འཛིན་གྱི་ཡོད། ང་ཚོས་ཧི་མ་ལ་ཡའི་ཤར་པའི་ཐེབས་རྩ་ཁང་ལ་རྒྱབ་སྐྱོར་བྱས་ནས་སྨན་ཁང་འཛིན་སྐྱོང་རྒྱུན་གནས་ཐུབ་པ་དང་སྲི་ཞུ་ཁག་ཡག་ཏུ་གཏོང་ཐུབ་པའི་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་སྨྲས། སྨན་པ་ཤར་པ་པ་སངས་ཀྱིས་འཕགས་ལྡིང་སྨན་ཁང་དུ་ནད་པ་མང་པོ་ཡོང་གི་ཡོད་པ་དང་ང་ཚོས་སྒོ་བསྟེན་ནད་པ་ཚོར་སྨན་བཅོས་དང་ཛ་དྲག་གི་སྨན་བཅོས་རྣམས་བྱེད་ཀྱི་ཡོད། སྨན་ཁང་དེར་སྨན་ཚོང་ཁང་རང་འགྲིག་ཏུ་ཡོད་ཅེས་ཤར་པ་ཚོས་ལོ་མང་རིང་འབད་བརྩོན་བྱས་ནས་སྨན་ཁང་ཞིག་སྒོ་ཕྱེ་ཡོད་པའི་གནས་ཚུལ་ཐོན་འདུག

ད་ལོའི་ཕྱི་ཟླ་༦་པའི་ཚེས་༢༠་ཉིན་བལ་ཡུལ་གྱི་སྨན་ཁབ་བགོ་འགྲེམ་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཤར་པ་ཚོར་ཇོ་མོ་གླང་མའི་རི་འདབས་སུ་ཡོད་པའི་ཀུན་བདེ་སྨན་ཁང་གིས་ཁུམ་བུ་ལྗོངས་ཀྱི་མི་གྲངས་༧༠༠༠་ཡས་མས་ཤིག་ལ་སྨན་བཅོས་བྱེད་ཀྱི་ཡོད་པ་དང་ས་གནས་དེར་ལོ་བརྒྱ་ཕྲག་མང་པོར་བོད་ཀྱི་གསོ་བ་རིག་པའི་སྨན་པ་ཚོས་སྨན་བཅོས་བྱས་ནས་ཞབས་འདེགས་བསྒྲུབས། ༡༩༥༣་ལོར་ཤར་པ་བསྟན་འཛིན་ནོར་རྒྱས་དང་ནེའུ་ཛི་ལན་ཌིའི་རི་འཛེག་པ་སཱ་ཧིབ་ཨེ་ཌེ་མུན་ཌི་ཧི་ལ་རི་གཉིས་ཇོ་མོ་གླང་མའི་རྩེར་འཛེགས། ༡༩༦༦་ལོར་སཱ་ཧིབ་ཨེ་ཌ་མུན་ཌི་ཧི་ལ་རིའི་ཐེབས་རྩ་ཁང་གིས་མ་རྩ་བཙུགས་ནས་སྨན་ཁང་ཞིག་ཚུགས། ༢༠༠༡་ལོར་ས་གནས་ཀྱི་སྨན་པ་ཞིག་མ་ཐོན་བར་དུ་ཁེ་ན་ཌ་དང་ནེའུ་ཛི་ལན་ཌིའི་སྨན་པ་ཚོས་རེས་མོས་བྱས་ནས་ལོ་ལྟར་ས་གནས་དེའི་མི་མང་ལ་སྨན་བཅོས་བྱས་མོད། ༢༠༡༣་ནས་ཀུན་བདེ་སྨན་ཁང་ཧི་མ་ལ་ཡ་དགེ་རྩ་ཚོགས་པས་རྩིས་བླངས། ད་ལྟ་ཀུན་བདེ་སྨན་ཁང་ལ་སྨན་པ་གཉིས་དང་སྨན་ཞབས་པ། སྐྱེས་གཡོག་གཅིག་དང་བརྟག་དཔྱད་ཁང་གི་ལས་བྱེད་པ་ཞིག་བཅས་ཁྱོན་བསྡོམས་ལས་བྱེད་པ་བཅུ་ཡོད་པ་དང་འདས་པའི་ལོ་མང་རིང་ས་གནས་མི་མང་ལ་སྨན་བཅོས་ཀྱི་སྲི་ཞུ་བསྒྲུབས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG