ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ནང་གི་རྫོགས་ཆེན་དགོན་དུ་སྡོང་འཛུགས་ནགས་སྐྲུན།


༄༅།། ཕྱི་ཟླ་༤་པའི་ཚེས་༤་ཉིན་བོད་ནང་གི་རྫོགས་ཆེན་དགོན་དུ་ཁོར་ཡུག་སྲུང་སྐྱོབ་དང་སྡོང་འཛུགས་ནགས་སྐྲུན་གྱི་ལས་འགུལ་རྒྱ་ཆེན་པོ་ཞིག་སྤེལ་གྱི་འདུག་ཅེས་མིང་བརྗོད་འདོད་མེད་པའི་གསར་འགྱུར་མཁོ་སྤྲོད་པ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་བཏང་འདུག་ཅིང་། དེ་ཡང་སྔ་འགྱུར་རྫོགས་ཆེན་དགོན་པའི་མཁན་བླ་སྤྲུལ་རྣམ་པས་དཔལ་འབྱོར་གྱི་འགྲོ་གྲོན་ཆ་ཚང་བཏང་སྟེ་ཕྱི་ཚེས་༤་ནས་བཟུང་སྟེ་ཉིན་ལྔ་ཡས་མས་ཤིག་ལ་སྡོང་འཛུགས་ནགས་སྐྲུན་གྱི་ལས་འགུལ་རྒྱ་གང་ཆེ་ཞིག་སྤེལ་རྒྱུ་ཡིན་འདུག

རྫོགས་ཆེན་དགོན་དུ་ལས་འགུལ་དེ་འདྲ་ཞིག་སྤེལ་དགོས་དོན་གཙོ་བོ་ནི་འདས་པའི་ལོ་མང་རིང་གྲྭ་ཤག་གསར་རྒྱག་དང་འབུད་ཤིང་སོགས་ཀྱི་ཆེད་དུ་ཤིང་ནགས་གཅོད་འབྲེག་མང་པོ་བྱས་ཏེ་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་ཕོག་ཡོད་པ་གསབ་ཐབས་སུ་ཤིང་སྡོང་གསར་འཛུགས་དང་ཁོར་ཡུག་ལ་ཕན་ཐོགས་འབྱུང་རྒྱུའི་ཀུན་སློང་བཅངས། གཉིས་ནས་ང་ཚོ་བོད་མཐོ་སྒང་གི་ཁོར་ཡུག་ཧ་ཅང་ཉམས་ཆག་འགྲོ་བཞིན་པར་ཤིང་སྡོང་གི་རིགས་སྣ་མང་ཞིག་གསར་འཛུགས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སླར་གསོ་ཐུབ་ཐབས་བྱ་རྒྱུའི་དགོས་པ་མང་པོ་བརྟེན་ནས་ལས་འགུལ་འདི་སྤེལ་བ་ཡིན།།

ཐོག་མའི་འཆར་གཞི་ལྟར་ན་ཉིན་ལྔ་ལ་སྡོང་འཛུགས་ནགས་སྐྲུན་བྱ་འཆར་ཡོད། གཙོ་བོ་མཐོ་སྒང་གི་གནམ་གཤིས་དང་འཚམས་པར་སྐྱེ་འཚར་ཐུབ་པའི་སྡོང་པོ་སྟེ། ཡུལ་མིའི་སྐད་དུ་འབོ་ཤིང་དང་གསོམ་སྡོང་། ཤུག་པ་བཅས་གསར་འཛུགས་བྱེད་བཞིན་ཡོད། ཉིན་ལྟར་བླ་སྤྲུལ་དགེ་འདུན་པ་རྣམས་གཙོས་ཡུལ་སྡེ་མང་ཚོགས་བཅས་ཀྱི་རོགས་རམ་འོག་ཤིང་སྡོང་སྟོང་ཕྲག་གཉིས་ལ་ཉེ་བ་ཞིག་འཛུགས་ཐུབ་ཀྱི་འདུག མ་མཐར་ཡང་ཐེངས་འདིར་ཤིང་སྡོང་སྟོང་ཕྲག་ལྔ་ལྷག་འཛུགས་ཐུབ་རྒྱུ་རེད། སྐྱེ་ཁམས་སྲུང་སྐྱོབ་དང་སྡོང་འཛུགས་ནགས་སྐྲུན་ནི་རྒྱ་ནག་གཞུང་གིས་བཀོད་མངགས་དང་མཐུན་འགྱུར་གནང་བ་མ་ཡིན་པར་དགོན་པའི་བླ་སྤྲུལ་ཚོས་དཔལ་འབྱོར་གྱི་འགྲོ་སོང་ཆ་ཚང་བཏང་སྟེ་ཉིན་ལྟར་ལས་མི་ཚོར་གླ་ཕོགས་དང་བཟའ་འཐུང་བཅས་པ་བཀོད་སྒྲིག་བྱས་ནས་སྡོང་འཛུགས་ནགས་སྐྲུན་བྱས་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།།

ཟླ་སྔོན་མོར་མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་ཁུལ་དུ་རྒྱལ་ཁོངས་ལྗང་སྒྱུར་རམ། དམངས་ཡོངས་ཀྱི་སྡོང་འཛུགས་ནག་སྐྲུན་གྱི་ལས་འགུལ་ཞེས་བ་ཞིག་ཚུགས་ཏེ་གུང་ཧོ་རྫོང་གིས་སྡོང་འཛུགས་ནགས་སྐྲུན་ལ་འབད་དེ་ལོ་འཁོར་༤༠་འཁོར་ཡོད་ལུགས་དང་མ་འོངས་པར་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་སྐྱེ་ཁམས་མ་ལག་ཆེན་པོ་གསུམ་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ། ཆབ་ཆ་དང་ཚལ་རྔ་འགག་སོགས་ཀྱི་ལམ་ཐིག་གཙོ་བོར་བཟུང་སྟེ་ཡུལ་སྐོར་ལྗོངས་རྒྱུའི་གནས་སམ། ཐང་ཆེན་དང་སྤྱི་གླིང་། ལས་ཁུངས་ཀྱི་ར་སྐོར་སོགས་ལྗང་སྒྱུར་བྱེད་པར་རྒྱུན་འཁྱོངས་བྱས་ནས་འགོ་ཁྲིད་ཚོས་རང་གི་ལས་ཁུངས་སོ་སོའི་མི་ཚང་མར་རྒྱལ་ཁམས་ལྗང་སྒྱུར་གྱི་སྡོང་འཛུགས་ནགས་སྐྲུན་ལ་ཞུགས་ཏེ། སྔར་ལས་ལྷག་པའི་སྐྱེ་ཁམས་ཁོར་སྲུང་དང་ལྗང་མདོག་གི་ཡུལ་ཁམས་གསར་པ་ཞིག་བསྐྲུན་པར་འབད་པ་བྱེད་རྒྱུ་ཡིན་ལུགས་རྒྱ་ནག་གཞུང་གི་གསར་འགྱུར་ནང་དུ་བཀོད་འདུག་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG