ངོ་འཕྲད་བདེ་བའི་དྲ་འབྲེལ།

སྐབས་བཅུ་དྲུག་པའི་འཐུས་གསར་པ་གཉིས་ཀྱིས་ལས་ཁུར་དམ་འབུལ།


༄༅།། ཉེ་ཆར་ཕྱི་ཟླ་༤་པའི་ཚེས་༢༧་ཉིན་ཚོགས་དྲུང་ལས་ཁུངས་ཀྱིས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ཕར་མ་ཞིག་ཕྱི་ཟླ་ལྔ་པའི་ཚེས་༢༠་ཉིན་བསྐོང་རྒྱུའི་གསལ་བསྒྲགས་སྤེལ་ཏེ་ཨོ་གླིང་རྒྱལ་ཁབ་ཏུ་གནས་འཁོད་མདོ་སྨད་སྤྱི་འཐུས་རྒྱ་རིགས་ཐར་གནས་ཡུལ་རྒྱལ་ཁབ་ཀྱིས་ནད་ཡམས་དུས་སུ་འགྲིམ་འགྲུལ་དམ་དྲག་གི་ཁྲིམས་ལུགས་ལྟར་གྲོས་ཚོགས་སུ་བཅར་ཐབས་བྲལ་བས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཕར་མར་གྲུབ་ཆ་མ་ཚང་བའི་དཀའ་ངལ་མི་འབྱུང་བའི་ཆེད་དུ་སྤྱི་འཐུས་ནས་རྩ་དགོངས་པ་ཞུས་ཤིང་། དེ་བཞིན་ཕྱི་ཟླ་༤་པའི་ཚེས་༢༣་ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་མདོ་སྟོད་སྤྱི་འཐུས་བློ་བཟང་གྲགས་པ་ཕྱི་ཟླ་༥་པའི་ཚེས་༡་ནས་ཨོ་གླིང་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པར་བསྐོ་བཞག་བྱས་ཏེ་སྤྱི་འཐུས་ནས་རྩ་དགོངས་ཞུས། དབུས་འོས་བསྡུ་ལས་ཁང་གི་༢༠༡༦་ལོའི་བོད་མི་མང་སྤྱི་འཐུས་ཀྱི་འོས་འདེམས་སྐབས་སུ་མདོ་སྟོད་ཆོལ་ཁའི་འོས་གྲངས་ཀྱི་སྒུག་ཐོ་དང་པོ་ཚེ་རིང་སྒྲོལ་མ་དང་མདོ་སྨད་ཆོལ་ཁའི་འོས་གྲངས་ཀྱི་སྒུག་ཐོ་དང་པོ་བསོད་ནམས་དབང་མོ་གཉིས་ཡིན་པས་དོ་བདག་སོ་སོ་རང་རང་གི་འབྲེལ་ཡོད་ཆོལ་ཁའི་སྤྱི་འཐུས་གཉིས་ཀྱི་ཚབ་ལ་གསར་དུ་བསྐོ་བཞག་བྱས་ཤིང་། ཕྱི་ཟླ་༥་པའི་ཚེས་༣་ཉིན་སྤྱི་འཐུས་གསར་པ་གཉིས་ཀྱིས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་ཨ་ཅྱ་ཡེ་ཤེས་ཕུན་ཚོགས་ཀྱི་དྲུང་དུ་ལས་ཁུར་དམ་བཅའ་བཞག་འདུག

བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་པ་རྣམས་ཚང་འཛོམས་ཀྱི་དབུས་སུ་ལས་ཁུར་དམ་འབུལ་གྱི་མཛད་སྒོ་ཚོགས། སྤྱི་འཐུས་ཚོགས་གཙོ་གཞོན་པ་ཨཅྱ་ཡེ་ཤེས་ཕུན་ཚོགས་ཀྱིས་སྤྱི་འཐུས་གསར་པ་གཉིས་ཀྱིས་གཉན་འཕྲང་ཆེ་བའི་དུས་ཚོད་འདིར་མཛད་ཁུར་བཞེས་པར་འཚམས་འདྲི་དང་བསྔགས་བརྗོད་ཞུས། ཕྱི་ཟླ་༣་པའི་ཚེས་༢༥་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་དུས་གཅིག་ཏུ་འཕོ་འགྱུར་བཏང་བའི་རྗེས་སུ་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་དང་སྐབས་བཅུ་བདུན་པའི་གྲོས་ཚོགས་ཀྱི་བར་བརྒལ་ཚོགས་གཙོ་བཅས་པར་དམ་བཅའ་འབུལ་ས་མེད་ཅིང་། དེར་བརྟེན་ཕྱི་ཟླ་༥་པའི་ཚེས་༢༠་ཉིན་འཚོགས་རྒྱུའི་གྲོས་ཚོགས་སྐབས་སུ་ཁྲིམས་ཞིབ་པ་བསྐོ་བཞག་བྱེད་དགོས་པར་མ་ཟད། ཁྲིམས་ཞིབ་པ་ཆེ་བས་དམ་བཅའ་འབུལ་བའི་ཁྲིམས་སྒྲིག་ཀྱང་བསྐྱར་བཅོས་བྱ་དགོས། ད་ལྟའི་སྐབས་སུ་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཇེ་ཆེར་འགྲོ་བཞིན་པས་མང་ཚོགས་ཁྲོད་དུ་གྲོས་ཚོགས་འཕར་མ་འཚོགས་ཐུབ་མིན་ལ་བློ་འཚབ་དང་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་ཕྱིན་འདུག

སྤྱི་འཐུས་གསར་པ་གཉིས་ལ་ནོར་ཝེ་རླུང་འཕྲིན་ཁང་གི་གསར་འགོད་པའི་བཅར་འདྲི་ཞུས་པའི་སྐབས་སུ་སྤྱི་འཐུས་ཚེ་རིང་སྒྲོལ་མས་ཚོགས་དུས་འདིར་མཉམ་ཞུགས་བྱ་རྒྱུ་བྱུང་བར་ལྟ་ཚུལ་ཅི་བྱུང་བཤད། དེ་བཞིན་མདོ་སྨད་སྤྱི་འཐུས་བསོད་ནམས་དབང་མོས་ཀྱང་སྐབས་བཅུ་དྲུག་པའི་གྲོགས་ཚོགས་ལ་ཉིན་གཅིག་ལས་མེད་ཀྱང་དེ་ལ་ཞུགས་རྒྱུ་བྱུང་བར་ལྟ་ཚུལ་ཅི་བྱུང་བཤད་འདུག ཁྲིམས་ཞིབ་པ་རྣམས་གཙོས་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་བསྐོ་བཞག་བྱེད་པར་འདེམས་སྒྲུག་ཚོགས་ཆུང་ཞིག་བསྐོ་བཞག་བྱེད་ཀྱི་ཡོད་པ་དེ་གསང་བ་ཡིན་ཞིང་། ཁྲིམས་ཞིབ་པ་ཚོ་བསྐོ་བཞག་བྱེད་མཁན་གྲས་སུ་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བྱ་དུར་བཟང་པོ་དང་བཀའ་ཟུར་རིན་ཆེན་མཁའ་འགྲོ། བཀའ་ཟུར་ཚེ་རིང་ཕུན་ཚོགས་བཅས་ཡོད་པའི་གླེང་སློང་བྱེད་ཀྱི་ཡོད་ཀྱང་གནས་ཚུལ་དེ་བདེན་པ་ཡིན་མིན་འབྲེལ་ཡོད་མི་སྣ་ཚོར་རྩད་གཅོད་བྱས་པར་དྲིས་ལན་གསལ་པོ་ཞིག་མ་ཐོབ། འོན་ཀྱང་གསར་འགྱུར་རྒྱུད་ལམ་ཁག་ཏུ་བྱ་རིན་ཚེ་གསུམ་དང་བཀའ་ཟུར་པདྨ་ཆོས་འབྱོར་ཀྱང་འདེམས་སྒྲུག་ཚོགས་ཆུང་གི་ཁོངས་སུ་འདུག་ཅེས་གླེང་སློང་བྱེད་བཞིན་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཆོད་ཀྱི་ལམ་ནས་གཏན་ལ་ཕབ་པའི་གནད་དོན་གང་འདྲ་ཞིག་ཡིན་རུང་དེ་ཕྱིར་བསྡུ་བྱེད་པའམ། ནུས་མེད་དུ་གཏོང་དགོས་བྱུང་ཚེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བསྐྱར་དུ་གྲོས་ཆོད་བཞག་ནས་ཐག་གཅོད་བྱ་དགོས་པས་མི་མང་༣༥༠༠་ལྷག་གིས་མིང་རྟགས་བསྡུ་རུབ་བྱས་ནས་སྐབས་སྔོན་མའི་གྲོས་ཚོགས་སུ་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བའི་གནད་དོན་དེར་བློ་ཕམ་ཡོད། ད་ཐེངས་ཀྱི་གྲོས་ཚོགས་ཕར་མ་དེ་བརྒྱུད་ཕྱི་ཟླ་གསུམ་པའི་ཚེས་༢༥་ཉིན་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བའི་གྲོས་ཆོད་དེ་ཕྱིར་འཐེན་བྱ་དགོས་པའི་འབོད་སྐུལ་གྱི་སྙན་ཞུ་ཞིག་ཚོགས་གཞོན་གྱི་མཚན་ཐོག་ཕུལ་འདུག ད་དུང་བཀའ་ཟུར་རྣམས་དང་ཁྲིམས་ཞིབ་པ་ཟུར་པ་རྣམས། གཞུང་ཞབས་པ་དང་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ཟུར་པ། བོད་གྱི་སྲིད་དོན་བཙོན་ཟུར་རྣམས་དང་ཚོགས་པ་སྐྱིད་ཁག་གིས་ཁག མི་དམངས་དཀྱུས་མ་བཅས་ཀྱིས་ཁྲིམས་ཞིབ་པ་གསུམ་དུས་གཅིག་ཏུ་འཕོ་འགྱུར་བཏང་བར་ངོ་རྒོལ་བྱེད་ཀྱི་ཡོད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG