ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཞི་བདེ་གོང་འཕེལ་དོན་དུ་འགྲོ་བ་མི་ཡོངས་ཀྱིས་འགན་འཁྲི་ལེན་དགོས་པ།


༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་འདིར་ཞི་བདེ་གོང་འཕེལ་གཏོང་རྒྱུའི་དོན་དུ་འགྲོ་བ་མི་ཡོངས་ཀྱིས་འགན་འཁྲི་ལེན་དགོས་ཞེས་ལམ་སྟོན་བཀའ་སློབ་སྩལ། དེ་ཡང་ཨ་རིའི་སེམས་དང་སྲོག་གི་ལྷན་ཚོགས་དང་རྟོགས་སད་དྲྭ་ལས་ཐེབས་རྩ་ཁང་གཉིས་མཉམ་འབྲེལ་གྱིས་ཕྱི་ཟླ་༥་པའི་ཚེས་༢་ནས་ཉིན་བཞིའི་སེམས་ཚོར་དང་འབྲེལ་བའི་ཚན་རིག་དང་ཤེས་རབ་ཀྱི་ལྷན་ཚོགས་ཤིག་འགོ་བཙུགས་ཏེ་འཛམ་གླིང་གི་མཁས་པ་༣༠་ལྷག་གདན་འདྲེན་གྱིས་དྲྭ་ལམ་དུ་ཉིན་བཞིའི་མཁས་པའི་ལྷན་ཚོགས་ཤིག་འཚོགས་ཀྱི་ཡོད་ཅིང་། ཐེངས་འདིའི་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་༧གོང་ས་མཆོག་གིས་དྲྭ་ལམ་དུ་བཀའ་སློབ་སྩལ་འདུག ཉིན་བཞིའི་ལྷན་ཚོགས་དེའི་ཉིན་དང་པོར་མཁས་པ་ཚོས་མིའི་སེམས་ཚོར་ཞེས་པར་ཚན་རིག་པ་དང་ནང་དོན་རིག་པས་ངོས་འཛིན་བྱེད་སྟངས་མི་འདྲ་བ་ཡོད་པར་སྦྱངས་བཤད་གནང་སྟེ་སེམས་ཚོར་རྒྱུས་ལོན་ཐུབ་པའི་ཐབས་ལམ་ཁག་ངོ་སྤྲད། དེ་བཞིན་ཉིན་གཉིས་པར་མིའི་རྒྱུད་དུ་སེམས་ཚོར་ཡོད་པ་རྣམས་ལེགས་ཉེས་འཇལ་བའི་བློ་བྲོས་ཡིན་མིན་ལ་སྦྱངས་བཤད་གནང་ཞིང་། ཉིན་གསུམ་པར་ཉོན་མོངས་པའི་བློ་ལ་གཉེན་པོ་ཇི་ལྟར་བསྟེན་ཚུལ་བཅས་པ་སྦྱངས་བཤད་དང་ཉིན་མཐའ་མར་བློ་སྦྱོང་བ་ཚོས་ཉིན་ཞག་ཕྲུགས་གཅིག་གི་རིང་དུ་ཉམས་ལེན་ཇི་ལྟར་བྱེད་དགོས་པ་བཅས་ངོ་སྤྲོད་གནང་གི་ཡོད་འདུག

དེ་རིང་ཉིན་དང་པོའི་དབུ་འབྱེད་མཛད་སྒོར་སེམས་དང་སྲོག་གི་ཚོགས་པའི་ཚོགས་གཙོ་སུ་སན་བྷོ་ཨར་ཝུས་དགའ་བསུའི་གསུང་བཤད་གནང་སྟེ་འདས་པའི་ལོ་བཅུ་ཕྲག་ཁ་ཤས་ལ་འཛམ་གླིང་གི་ཚན་རིག་པ་ཚོས་༧གོང་ས་མཆོག་དང་ལྷན་དུ་ནང་སེམས་ཀྱི་ཞི་བདེ་འབྱུང་ཐབས་སུ་བགྲོ་གླེང་ཐེངས་མང་གནང་སྟེ་བདེ་བ་འདོད་མཁན་གྱི་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་བསྐྲུན་ཐབས་སུ་ཚན་རིག་པས་བློ་སྦྱོང་དང་བྱམས་བརྩེ། སྒོམ་སྒྲུབ་སོགས་ཉིན་ལྟར་ཉམས་སུ་བླངས་ན་ཕན་པ་ཆེན་པོ་བསྒྲུབ་ཐུབ་རྒྱུ་ཡིན་པ་རྟོགས་ཡོད། འདི་ནི་ཚན་རིག་དང་ཤེས་རབ་གཉིས་ཟུང་དུ་འབྲེལ་ནས་འགྲོ་བ་མིར་ཞབས་འདེགས་བསྒྲུབ་ཐབས་ཤིག་ཡིན་ཞེས་གསུངས། ད་ལན་གྱི་ལྷན་ཚོགས་དེར་ཤེས་བྱ་རིག་གནས་ལ་ལོ་མང་སློབ་སྦྱོང་དང་ཉམས་ལེན་བྱེད་མཁན་གྱི་མཁས་པ་༣༠་ཙམ་གདན་འདྲེན་ཞུས་འདུག ཐེངས་འདིའི་མཛད་རིམ་ལ་འཛམ་གླིང་གི་རྒྱལ་ཁབ་༡༤༠་ལྷག་ནས་མི་༨༤༠༠༠་ལྷག་གིས་དྲྭ་ལམ་དུ་ཐོ་འགོད་བྱས་ནས་མཉམ་ཞུགས་བྱས་ཤིང་། ༧གོང་མཆོག་གིས་སྩལ་བའི་གསུང་འཕྲིན་གྱི་སྙིང་དོན་ནི་བདེ་སྐྱིད་ཅེས་པ་དེ་སེམས་ཚོར་གྱི་ཆ་ཤས་ཤིག་ཡིན་པ་དང་དེའི་རྒྱུ་རྐྱེན་གཙོ་བོ་ནི་ཁོར་ཡུག་ལྟ་བུའི་ཕྱིའི་ཤུགས་རྐྱེན་ལས་ལྷག་པར་ནང་སེམས་ལ་རག་ལས་ཡོད། ནང་སེམས་ཞི་ཞིང་འདུལ་བ་ཞིག་ཡོད་ན་ཕྱིའི་ཁོར་ཡུག་གི་དཀའ་སྡུག་ཅན་ཞིག་ཡིན་རུང་ཁྱད་པར་དེ་ཙམ་མི་འབྱུང་། ནང་སེམས་དེ་ཞི་ཞིང་འདུལ་བ་ཞིག་ཡོང་བར་ཉོན་མོངས་པའི་བློ་རྣམས་འདུལ་བའི་གཉེན་པོ་བསྟེན་རྒྱུའི་ཐབས་ཡོད། དེ་དག་བློ་སྦྱོང་གི་ཐབས་ལ་བརྟེན་ནས་ནང་སེམས་ཀྱི་དཀའ་སྡུག་རྣམས་རིམ་བཞིན་ཉུང་དུ་གཏོང་དགོས། ཉོན་མོངས་པ་རྩ་མེད་དུ་གཏོང་ཐུབ་རྒྱུ་ཡོད་པ་ཞིག་ཀྱང་རེད་ཅེས་བཀའ་གནང་འདུག

དེ་ལྟར་བསྒྲུབ་རྒྱུའི་ཐབས་ལམ་གཙོ་བོ་ནི་ཉོན་མོངས་དུག་གསུམ་གྱི་བློར་གཉེན་པོ་བསྟེན་པའི་ཐབས་སུ་བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་རྣམས་ཡང་ཡང་སྒོམ་དགོས། གཙོ་བོ་འགྲོ་བ་མི་ཐམས་ཅད་བདེ་བ་འདོད་མཁན་དང་སྡུག་བསྔལ་མི་འདོད་མཁན་གཅིག་མཚུངས་ཡིན་པ་ཚན་རིག་པས་ཀྱང་ར་སྤྲོད་བྱས་པ་བཞིན་འགྲོ་བ་མིའི་རང་བཞིན་ལྷན་སྐྱེད་ཀྱི་གཤིས་སྤྱོད་ཁོ་ན་བྱམས་བརྩེ་ལྡན་པ་ཞིག་ཡིན་སྟབས་རང་གི་འཚོ་གནས་བྱ་སའི་སྤྱི་ཚོགས་དང་ཁྱིམ་ཚང་གི་བདེ་སྐྱིད་ཡོང་ཐབས་སུ་འགྲོ་བ་མི་ཐམས་ཅད་ཀྱིས་གཅིག་འགྱུར་གྱི་འགན་ཁུར་བླངས་ནས་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པའི་ཁྱིམ་ཚང་དེར་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུར་གཅིག་འགྱུར་གྱི་བསམ་བློ་གོང་འཕེལ་བཏང་སྟེ་ཞི་བདེ་བསྐྲུན་ཐུབ་ཅེས་བཀའ་སློབ་གཟབ་མོ་ཞིག་སྩལ། དེའི་སྔོན་ལ་སེམས་དང་སྲོག་གི་ལྷན་ཚོགས་ལ་ཕེབས་ནས་རང་གི་མི་ཚེར་འགྱུར་བ་ཆེན་པོ་ཕྱིན་ཏེ་ནང་སེམས་ཀྱི་ཞི་བདེ་གོང་ཕེལ་གཏོང་བར་ཕྱག་ལས་གནང་མཁན་གྱི་མཁས་པ་ཨེ་ཝྭེ་ཨེཀ་མན་གྱིས་འཛམ་གླིང་འདིར་ཏོག་དབྱིབས་ནད་དུག་གིས་འགྲོ་བ་མི་རྣམས་རང་ཁྱིམ་དུ་ཟུར་འགོག་བྱེད་བཞིན་ཡོད་པ་དང་དངངས་སྐྲག་འོག་གྲོགས་མེད་ཁྱེར་རྐྱང་དུ་ལུས་པ། མི་རིགས་ཕན་ཚུན་དབྱེ་འབྱེད་ལ་ངོ་རྒོལ་དང་འཕྲོད་བསྟེན་གྱི་མཐུན་རྐྱེན་རྣམས་གཅིག་མཚུངས་འཐོབ་ཀྱི་མེད་པའི་གནས་སྟངས་སོགས་མཐོང་ཐོས་འབྱུང་གི་ཡོད་པས་ཚན་རིག་གིས་བཏང་ཉོམས་མིན་པའི་སྤྱི་ཚོགས་དེ་དངོས་སུ་གསལ་སྟོན་བྱུང་ཡོད་པས་བྱམས་པ་དང་སྙིང་རྗེ། གཞན་ཕན་ཉམས་ལེན་གྱི་དགོས་མཁོ་ཆེ་བ་མིག་མཐོང་ལག་ཟིན་རེད། ཀུན་གྱིས་འགྲོ་བ་མིའི་སྤྱི་ཚོགས་ལ་ཞབས་འདེགས་ཇི་ལྟར་བསྒྲུབ་རྒྱུ་ཡོད་པ་རྣམས་ཉིན་བཞིའི་ནང་དུ་མཁས་པ་ཚོས་ལམ་སྟོན་གནང་དགོས་ཞེས་བཤད། ཚན་རིག་པ་ཌེ་ཝྭི་ཌི་སན་དང་ཌ་ནིལ་གྷོལ་མན། དགེ་བཤེས་ཐུབ་བསྟན་སྦྱིན་པ་དང་མེ་ཐིའུ་རི་ཁར་ཌི་སོགས་ཕྱི་ནང་གི་མཁས་པ་ཚོས་གསུང་བཤད་གནང་རྒྱུའི་མཛད་རིམ་བསྒྲིགས་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG