ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༢/༠༥/༢༨

བོད་ཡིག་རྒྱ་གར་གྱི་སྐད་རིགས་ཁོངས་སུ་ངོས་འཛིན་དགོས་པའི་གྲོས་གཞི།


(Sansad TV)

༄༅།། ཕྱི་ཟླ་༤་པའི་ཚེས་༡་ཉིན་ལ་དྭགས་ཀྱི་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གྱིས་གྲོས་ཚོགས་འོག་མར་རྒྱ་གར་གྱི་རྩ་ཁྲིམས་ལེའུ་༨་པའི་འོག་ཏུ་བྷོ་ཊིའི་སྐད་ཡིག་རྒྱལ་ཡོངས་ཀྱི་སྐད་རིགས་ཁག་གི་གྲས་སུ་ངོས་འཛིན་བྱ་དགོས་ཞེས་ཁྲིམས་གཞི་ཞིག་གྲོས་ཚོགས་འོག་མར་མཚམས་སྦྱོར་བྱས་པའི་གནས་ཚུལ་ཐོན་འདུག གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གྱི་ངོ་དེབ་དང་གཞུང་འབྲེལ་ལས་ཤོག་ཐོག་ཏུའང་དབྱིན་བོད་གཉིས་ཀྱི་གསལ་བསྒྲགས་སྤེལ་འདུག
ཁོང་གིས་འདི་ནི་རྒྱ་གར་གྱི་གྲོས་ཚོགས་འོག་མར་འཐུས་མི་སྒེར་པ་ཞིག་གིས་རྒྱ་གར་གྱི་རྩ་ཁྲིམས་ལེའུ་༨་པར་བསྐྱར་བཅོས་བཏང་སྟེ་བྷོ་ཊའི་སྐད་ཡིག་རྒྱ་གར་གྱི་རྒྱལ་ཡོངས་སྐད་རིགས་ཁག་གི་ཁོངས་སུ་འཇུག་དགོས་ཞེས་གྲོས་གཞི་བཏོན་པ་ཐེངས་དང་པོ་ཡིན་པས་ཧ་ཅང་གི་གནད་འགག་ཆེ། ཧི་མ་ལ་ཡའི་ལྗོངས་ཀྱི་ལ་དྭགས་དང་ཧི་མ་ཅལ། འབྲས་ལྗོངས་དང་ཨུ་ཏར་ཁན། རྡོ་རྗེ་གླིང་དང་ཨ་རུ་ན་ཅལ་སོགས་ཀྱི་དགོན་སྡེ་ཁག་དང་ས་ཕྱོགས་གང་སར་ཡོད་པའི་གདན་ས་ཁག བཤད་གྲྭ་ཁག་གཙོས་བོད་རྒྱུད་ནང་བསྟན་ཉམས་བཞེས་མཛད་བཞིན་པའི་དགེ་འདུན་པ་དང་བཙུན་མའི་སྡེ་ཡོངས་ཀྱིས་གུས་པའི་ལས་གཞི་གལ་གནད་ཅན་འདིར་མུ་མཐུད་དུ་ལམ་ལྷོངས་ཡོང་བ་དང་མ་འོངས་ལས་འཆར་འདིར་གེགས་དང་བར་ཆད་མི་འབྱུང་བ་སོགས་སུ་དམིགས་ནས་ཆོས་སྐྱོང་སྲུང་མ་རྣམས་ལ་འཕྲིན་བཅོལ་རྒྱས་པ་ཞིག་འབུལ་རོགས་གནང་ཞེས་འབོད་སྐུལ་ཞུས་འདུག

གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གྱིས་ངོ་དེབ་ཏུ་བཀོད་པའི་དབྱིན་ཡིག་གི་གནས་ཚུལ་དེར་འཁོད་པ་ལྟར་ན། བྷོ་ཊའི་སྐད་ཡིག་ནི་ཕྱུག་པོ་དང་སྤྱི་ཚོགས་ཀྱི་ངོ་བོ་སྣ་མང་མཚོན་ཐུབ་ཅིང་། བྷོ་ཊི་སྐད་ཡིག་ལ་ལོ་རྒྱུས་ཡོད་པ་དང་བརྩི་བཀུར་གྱི་མཚོན་རྟགས་འདུས། ཧི་མ་ལ་ཡའི་ལྗོངས་ཀྱི་ལོ་རྒྱུས་དང་རིག་གཞུང་། འཛིན་སྐྱོང་གི་ལམ་ལུགས་དང་སྐྱེ་ཁམས་གཅེས་སྐྱོང་སོགས་ཀྱི་སྐད་ཡིག་ཅིག་ཡིན་པར་མ་ཟད། བྷོ་ཊའི་སྐད་ཡིག་ལ་རང་གི་ཐུན་མོང་མ་ཡིན་པའི་ཡིག་གཟུགས་ཡོད་པས་རྒྱ་གར་གྱི་ཧི་མ་ལ་ཡའི་ལྗོངས་ཀྱི་མངའ་སྡེ་ཁག་དང་བལ་ཡུལ། འབྲུག་དང་བོད། རྒྱ་ནག་དང་སོག་ཡུལ་བཅས་སུ་བཀོལ་སྤྱོད་ཆེ། རྒྱ་གར་གྱི་རྩ་ཁྲིམས་ལེའུ་༨་པའི་འབྲུ་དོན་ཇི་བཞིན་བྷོ་ཊའི་སྐད་ཡིག་གཞུང་འབྲེལ་སྐད་རིགས་ཁག་གི་གྲས་སུ་ངོས་འཛིན་བྱ་དགོས་པའི་འབད་བརྩོན་བྱེད་ཀྱི་ཡོད་པ་ནི་ཧི་མ་ལ་ཡའི་ལྗོངས་ཀྱི་སྤྱི་ཚོགས་དང་རིག་གཞུང་། སྐད་ཡིག་དང་སྲོལ་རྒྱུན་རྣམས་ཡར་རྒྱས་བཏང་སྟེ་ཧི་མ་ལ་ཡའི་ལྗོངས་ཀྱི་མི་དམངས་རྣམས་དེང་རབས་ཅན་དུ་བསྒྱུར་ནས་རྒྱ་གར་གྱི་རིག་གཞུང་ཇེ་ཕྱུག་ཏུ་གཏོང་བར་ལེགས་སྐྱེས་འབུལ་བའི་ཆེད་དུ་ཡིན་ཞེས་བཀོད།།

རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ལ་དྭགས་ཀྱི་གྲོས་ཚོགས་འཐུས་མི་ཟུར་པ་ཐུབ་བསྟན་ཚེ་དབང་གིས་ཀྱང་བྷོ་ཊའི་སྐད་ཡིག་རྒྱ་གར་གྱི་རྩ་ཁྲིམས་ལེའུ་༨་པའི་ཁོངས་སུ་འཇུག་དགོས། སྐད་ཡིག་གི་ཐོབ་ཐང་ནི་མི་རིགས་དེའི་དཔལ་འབྱོར་དང་རིག་གཞུང་། སྤྱི་ཚོགས་ལམ་ལུགས་དང་ཆབ་སྲིད་ཀྱི་གཞི་རྩའི་ཐོབ་ཐང་ལ་འབྲེལ་བ་ཆགས་ཡོད། རྒྱ་གར་ལྟ་བུའི་མི་རིགས་སྣ་ཚོགས་དང་སྐད་ཡིག་སྣ་མང་གི་རྒྱལ་ཁབ་ཆེན་པོ་ཞིག་གི་ནང་དུ་སྐད་ཡིག་བྱེ་བྲག་པ་ཞིག་རྒྱུན་གནས་ཐུབ་མིན་དེ་དབུས་གཞུང་གི་རྒྱབ་སྐྱོར་ལ་ཐུག་ཡོད། ཧ་ཅང་ཕངས་པ་ཞིག་ལ་བྷོ་ཊའི་སྐད་ཡིག་དེར་གཞུང་འབྲེལ་གྱི་ངོས་ལེན་དང་རྩ་ཁྲིམས་ཀྱི་ལེའུ་༨་པའི་འོག་ཏུ་བསྡུས་མི་འདུག རྒྱ་གར་ལ་རང་བཙན་ཐོབ་པའི་རྗེས་སུ་སྐད་ཡིག་མང་དག་ཅིག་རྩ་ཁྲིམས་ཀྱི་ལེའུ་༨་པའི་ཁོངས་སུ་བཅུག་ཀྱང་སྐད་ཡིག་དེ་དག་ཕྱོགས་གང་ཐད་ནས་བྷོ་ཊའི་སྐད་ཡིག་ལས་ཆེས་ཕུན་སུམ་ཚོགས་པ་ཞིག་མ་རེད། བྷོ་ཊའི་སྐད་ཡིག་ནི་དུས་རབས་མང་པོར་འཐབ་རྩོད་བྱད་མྱོག་བའི་མང་ཚོགས་ཀྱི་སྐད་ཡིག་ཅིག་ཡིན་པ་དང་མཐུན་སྒྲིལ་དང་སྣ་མང་ནི་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་དེའི་གཞི་རྐང་དེར་གྱུར་ཡོད། ངས་རྒྱ་གར་དབུས་གཞུང་ལ་བྷོ་ཊའི་སྐད་ཡིག་རྩ་ཁྲིམས་ཀྱི་ལེའུ་༨་ནང་ཁོངས་སུ་འཇུག་དགོས་པའི་འབོད་སྐུལ་ཞུ་ཡིན་ཞེས་གླེང་སློང་བྱས་འདུག

གྲོས་ཚོགས་འཐུས་མི་ཟུར་པ་ཐུབ་བསྟན་ཚེ་དབང་ཐོག་མར་༢༠༠༤་ལོར་གྲོས་ཚོགས་འཐུས་མི་བདམས། ༢༠༡༦་ལོར་བསྐྱར་དུ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཀྱང་༢༠༡༨་ལོར་གྲོས་ཚོགས་འཐུས་མིའི་ལས་གནས་ནས་དགོངས་པ་ཞུས། ཁོང་གིས་སྲིད་བློན་མོ་དྷིར་ཕུལ་བའི་དགོངས་ཞུ་དང་བྷི་ཇེ་པི་གཞུང་འཛིན་ཚོགས་པའི་ཁོངས་ནས་དགོངས་པ་ཞུས་པའི་སྙན་ཞུ་དེར་རྒྱ་གར་གཞུང་གིས་ཁས་ལེན་དམ་བཅའ་བྱས་པ་རྣམས་སྒྲུབ་ཀྱི་མི་འདུག འོས་འདེམས་སྐབས་དེར་འོས་ཤོག་ཐོབ་ཐབས་སུ་མི་དམངས་ལ་ཁ་སྟོང་པས་ཁས་ལེན་བྱས་ཀྱང་དོན་དངོས་ཀྱི་འཛུགས་སྐྲུན་གང་ཡང་བྱེད་ཀྱི་མི་འདུག སྲིད་བློན་མོ་དྷི་དང་གཞུང་གི་མཐོ་རིམ་ལས་སྣེ་ཚོས་ཁས་ལེན་པ་རྣམས་ལོ་༤་ལ་བསྒྲུབས་མེད་པས་ལ་དྭགས་མི་དམངས་ལ་ཕན་གང་ཡང་བྱུང་མ་སོང་ཞེས་སྐྱོན་བརྗོད་བྱས་འདུག

ལ་དྭགས་ཀྱི་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གྱིས་གྲོས་ཚོགས་འོག་མའི་ནང་དུ་༡༩༥༩་ལོའི་ཡར་སྔོན་དུ་ཧ་མ་ལ་ཡའི་ལྗོངས་ཀྱི་ནང་པ་སངས་རྒྱས་པའི་རྗེས་འཇུག་པ་སྟོང་ཕྲག་མང་པོ་བོད་ལ་ཕེབས་ནས་རིས་སུ་མ་མཆེད་པའི་གདན་ས་ཁག་དང་བཤད་གྲྭ་ཁག་ཏུ་བསླབ་པ་སློབ་གཉེར་བྱས་མྱོང་ཡོད་མོད། འོན་ཀྱང་༡༩༥༩་ལོར་བོད་ལ་དུས་འགྱུར་བྱུང་སྟེ་བོད་པ་མང་པོ་ཞིག་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། རྒྱ་གར་གྱི་ས་ཐོག་ཏུ་བོད་པ་བཙན་བྱོལ་བ་ཚོས་འཛུགས་སྐྲུན་བྱས་པའི་གདན་ས་ཁག་དང་དགོན་སྡེ་ཁག ཆོས་རིག་གི་ལྟེ་གནས་ཁག་ཏུ་ཧི་མ་ལ་ཡའི་ལྗོངས་ཀྱི་ནང་པ་སངས་རྒྱས་པའི་རྗེས་འཇུག་ཚོར་སླར་ཡང་བསླབ་པ་སློབ་གཉེར་གྱི་གོ་སྐབས་ཐོབ། དེས་ན་རྒྱ་གར་གཞུང་གིས་ཅིས་ཀྱང་བོད་པ་བཙན་བྱོལ་བའི་གདན་ས་ཁག་དང་བཤད་གྲྭ་ཁག ཆོས་རིག་གི་ལྟེ་གནས་ཁག་ལ་ངོས་འཛིན་དང་གདན་ས་ཁག་ཏུ་ལོ་མང་རིང་སློབ་གཉེར་གནང་སྟེ་མཚན་བཏགས་བཞེས་པའི་ལག་འཁྱེར་ཁག་ལ་རྒྱ་གར་གཞུང་གིས་ངོས་འཛིན་བྱ་དགོས་ཞེས་རྒྱ་གར་གྲོས་ཚོགས་སུ་གླེང་སློང་གནང་འདུག

(གོང་གི་རྩོམ་ཡིག་འདིར་ཨ་རིའི་རླུང་འཕྲིན་ཁང་གི་ཕྱོགས་མཐའི་གསར་འགོད་པ་བསྟན་འཛིན་ནོར་བཟང་གིས་གནས་ཚུལ་མཁོ་སྒྲུབ་རོགས་རམ་བྱུང་ཡོད)

XS
SM
MD
LG