ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ལ་དྭགས་ཀྱི་གཞུང་འབྲེལ་སྐད་ཡིག་ཁོངས་ནས་ཨུར་རྡུ་ཕྱིར་བསྡུ།


༄༅།། ལ་དྭགས་ལ་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༥༩༠༠༠་ལྷག་ཡོད་པ་དང་མི་འབོར་འབུམ་༦་ལས་མེད་པ་རྣམས་མཁར་དཀྱིལ་ཕྱོགས་སུ་ཁ་ཆེ་གྲངས་མང་དང་རྒྱལ་ས་གླེའི་ཕྱོགས་སུ་ནང་པ་གྲངས་མང་ཡིན་ཞིང་། མཁར་དཀྱིལ་དང་གླེ་གཉིས་ནི་ལ་དྭགས་ཀྱི་ཁ་ཆེ་དང་ནང་པ་གཉིས་ཀྱི་རྒྱལ་ས་ལྟ་བུ་ཞིག་ཏུ་གྱུར། སྔོན་ཆད་ལ་དྭགས་ས་གནས་གཞུང་གི་ལས་བྱེད་པ་ཚོས་ངེས་པར་དུ་ཨུར་རྡུ་སྐད་ཡིག་ཤེས་དགོས། འདས་པའི་ལོ་༡༣༠་ལྷག་གི་རི་དུ་ལ་དྭགས་ཀྱི་གཞུང་འབྲེལ་སྐད་ཡིག་ཨུར་རྡུ་ཡིན་པ་དང་ཨུར་རྡུ་སྐད་ཡིག་རྒྱ་གར་དང་པ་ཀི་སི་ཐན་གྱི་ཁ་ཆེ་ཚོས་ཡོངས་ཁྱབ་ཏུ་བཀོད་སྤྱོད་བྱེད་ཀྱི་ཡོད་ཅིང་། གཟའ་འཁོར་སྔོན་མར་ལ་དྭགས་ས་གནས་གཞུང་གིས་མངའ་ཁུལ་དེའི་ལས་བྱེད་པ་ཚོས་ཨུར་རྡུ་སྐད་ཡིག་ཤེས་དགོས་པའི་ཆ་རྐྱེན་དེ་ཉིད་ཕྱིར་བསྡུ་བྱས་པར་ལ་དྭགས་ཀྱི་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གཙོས་ལ་དྭགས་ཀྱི་ནང་པ་ཚོས་དགའ་བསུ་ཞུས། གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གྱིས་ལ་དྭགས་པ་ཚོས་ཨུར་རྡུ་སྐད་ཤེས་བཀོལ་སྤྱོད་བྱེད་དགོས་ཟེར་བ་ནི་དབྱེ་འབྱེད་ཀྱི་སྐད་ཆ་ཞིག་རེད། ཨུར་རྡུ་སྐད་ཡིག་ནི་ལ་དྭགས་ཀྱི་སྡེ་ཤོག་གཅིག་གི་ཕ་སྐད་མིན། ཐ་ན་ལ་དྭགས་ཀྱི་ཁ་ཆེ་ཚོས་ཀྱང་ཨུར་རྡུ་སྐད་ཡིག་སྨྲ་བརྗོད་བྱེད་ཀྱི་མེད་པ་རེད། ལ་དྭགས་ཀྱི་ཁྲལ་བསྡུ་ལས་ཁུངས་ཀྱི་ལས་བྱེད་པ་ཚོས་ཨུར་རྡུ་སྐད་ཡིག་ཤེས་མི་དགོས་པར་བསྒྱུར་པར་བསྔགས་བརྗོད་ཡོད། འདི་ནི་ངོ་མར་མི་སེར་ཡུལ་བའི་རྩ་ཁྲིམས་དོན་༣༧༠་པའི་འོག་ནས་ཐར་པ་ཐོབ་པ་ཞིག་དང་ཀསྨིར་གྱི་དབང་སྒྱུར་པ་ཚོས་ལ་དྭགས་པ་ཚོར་ཨུར་རྡུ་སྐད་ཡིག་བཙན་སྦྱོང་བྱེད་དུ་བཅུག་པའི་བསམ་བློའི་བཙན་གནོན་འོག་ནས་བཅིངས་འགྲོལ་ཐོབ་པ་ཞིག་རེད་ཅེས་བཀྲལ།།

རྒྱ་གར་གྱི་རྩ་ཁྲིམས་དོན་༣༧༠་པར་ཇམ་མུ་དང་ཀསྨིར་ས་གནས་གཉིས་ལ་རང་སྐྱོང་གི་ཐོབ་ཐང་ཡོད་ཅེས་འཁོད། ལ་དྭགས་ཇམ་མུ་དང་ཀསྨིར་གྱི་མངའ་ཁོངས་སུ་བསྡུས་ཀྱང་༢༠༡༩་ལོར་རྒྱ་གར་གཞུང་གིས་ཇམ་མུ་ཀསྨིར་མངའ་སྡེ་ཧྲིལ་པོ་དབུས་གཞུང་གི་ཐད་སྐྱོང་མངའ་ཁུལ་ཞིག་ཏུ་བསྒྱུར་ཏེ་ལ་དྭགས་ལ་དབུས་གཞུང་གི་ཐད་སྐྱོང་མངའ་ཁུལ་གྱི་ཐོབ་ཐང་སྤྲད། ལ་དྭགས་ཀྱི་ཁ་ཆེ་ཚོས་ཨུར་རྡུ་སྐད་ཡིག་ཕྱིར་བསྡུ་བྱས་པ་ནི་སླར་ཡང་ལ་དྭགས་པ་རྣམས་ཁ་གཏོར་དང་དུམ་བུར་གཏོང་གི་ཡོད་པ་ཞིག་རེད་ཅེས་འཁང་ར་བཤད་ཀྱི་ཡོད་པ་སྟེ། ལ་དྭགས་ཀྱི་སྲིད་དོན་ལས་འགུལ་བ་མཁར་དཀྱིལ་སཱ་ཇཱ་ཏ་ཞེས་པ་ཞིག་གིས་གསར་འགོད་པ་ཚོར་ལ་དྭགས་རྒྱ་གར་དབུས་གཞུང་གི་ཐད་སྐྱོང་མངའ་ཁུལ་ཞིག་ལ་བསྒྱུར་ནས་བཟུང་། ལ་དྭགས་ས་གནས་སུ་ཁ་ཆེའི་རིག་གཞུང་མེད་པར་གཏོང་རྒྱུའི་འབད་བརྩོན་བྱེད་འགོ་ཚུགས་སོང་། ཨུར་རྡུ་སྐད་ཡིག་ནི་ལ་དྭགས་ཀྱི་གཞུང་འབྲེལ་སྐད་ཡིག་ཡིན་རུང་སྐད་ཡིག་དེ་གཞུང་འབྲེལ་སྐད་ཡིག་ཁོངས་ནས་ཕྱིར་བསྡུ་བྱས་པ་ལ་དྭགས་ཀྱི་ཁ་ཆེ་ཚོའི་སྟོབས་ཤུགས་གཅོག་གི་ཡོད་པའི་རྟགས་མཚན་རེད་ཅེས་སྐྱོན་བཙུགས། ལ་དྭགས་སུ་གནས་འཁོད་རྩོམ་པ་པོ་ཨབ་རྡུལ་གྷ་ཎིས་ཀྱང་ལ་དྭགས་ཀྱི་ཡིག་ཚགས་རྣམས་ཨུར་རྡུ་སྐད་ཡིག་ནང་དུ་ཉར་ཚགས་བྱས་ཡོད་པ་རེད། ད་ལྟ་གཞུང་འབྲེལ་སྐད་ཡིག་ལ་འགྱུར་བ་བཏང་ན་ཐམས་ཅད་མགོ་ཉོག་ཐེབས་ཤས་ཆེ། ང་ཚོས་བལྟས་ན་ལ་དྭགས་ས་གནས་གཞུང་གིས་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ནས་རིམ་བཞིན་གཞུང་སྐད་དེ་བཏང་སྙོམས་ཀྱི་སྐད་ཡིག་ཅིག་ལ་བསྒྱུར་ན་ལེགས། དེ་ལྟར་མ་བྱུང་ན་མི་དམངས་ལ་དགོས་མེད་པའི་དཀའ་ངལ་འཕྲད་ངེས་རེད་ཅེས་བཤད།།

ལ་དྭགས་པའི་སྤྱི་ཚོགས་ལས་འགུལ་བ་མགོན་པོ་ལྷ་ཞེས་པ་ཞིག་གིས་ངས་ནི་ཨུར་རྡུ་སྐད་ཡིག་ཤེས་ཀྱི་མེད། ཨུར་རྡུ་ཕྱིར་བསྡུ་བྱེད་ན་མི་མང་ལ་དཀའ་ངལ་ཆུང་བ་དང་དེའི་རྒྱབ་ལྗོངས་ཀྱི་ཆབ་སྲིད་ཀྱི་བག་ཆགས་རྣམས་སེལ་ཐུབ། ས་གནས་གཞུང་གི་སློབ་གྲྭ་ཁག་ཏུ་ཨུར་རྡུ་སྐད་ཡིག་སློབ་ཁྲིད་བྱེད་ཀྱི་ཡོད་ཀྱང་སྒེར་གཉེར་སློབ་གྲྭ་ཁག་ཏུ་སློབ་ཁྲིད་བྱེད་ཀྱི་མི་འདུག དེར་བརྟེན་ཨུར་རྡུ་བསླབས་ན་གཞོན་སྐྱེས་ཚོར་གོ་སྐབས་ངེས་ཅན་ཞིག་ལས་མེད་པ་དང་ཨུར་རྡུ་ཕྱིར་བསྡུ་བྱས་པ་དེ་ཀུན་ལ་ཕན་ཐོགས་ཡོད་པ་ཞིག་རེད། ཨུར་རྡུ་ཕྱིར་བསྡུ་བྱེད་དགོས་ཟེར་མཁན་རྣམས་དང་ཨུར་རྡུ་རང་སོར་འཇོག་དགོས་ཟེར་མཁན་གཉིས་ཀས་དགོས་མེད་ཀྱི་རྩོད་པ་ཞིག་རྒྱག་གི་འདུག་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག མཁར་དཀྱིལ་སཱ་ཇཱ ཏ་ཞེས་པའི་སྤྱི་ཚོགས་ལས་འགུལ་བ་དེས་ལ་དྭགས་པ་ཚོས་བོད་སྐད་དང་ཧིན་སྐད། དབྱིན་སྐད་བཅས་སྨྲ་བརྗོད་བྱེད་ཀྱི་ཡོད་པ་ལྟར་ཨུར་རྡུ་སྐད་ཀྱང་སྨྲ་བརྗོད་བྱེད་བཞིན་ཡོད། ལ་དྭགས་ཀྱི་ནང་པ་མང་པོ་ཞིག་གིས་ཨུར་རྡུ་སྐད་ཡིག་ཤེས་ཀྱི་མེད་ཀྱང་དེ་དག་གི་བུ་ཕྲུག་ཚོས་ཨུར་རྡུ་སྐད་ཡིག་འབྲི་ཀློག་ཐུབ། རྒྱ་གར་དབུས་གཞུང་གིས་མིག་ལམ་དུ་ཨུར་རྡུ་སྐད་ཡིག་ཚེར་མ་ལྟར་དུ་གྱུར་པ་ནི་ཐེངས་དང་པོ་མ་རེད་ཅེས་བཤད། དེང་སྐབས་ལ་དྭགས་ཀྱི་གཞུང་འབྲེལ་སྐད་ཡིག་ཁོངས་སུ་ཨུར་རྡུ་སྐད་ཡིག་འཇོག་དགོས་མིན་ལ་ཁ་ཆེ་དང་ནང་པ་ཚོས་རྩོད་པ་རྒྱག་གི་ཡོད་མོད། འོན་ཀྱང་ནང་པ་གྲངས་མང་གི་མི་དམངས་ལས་འགུལ་ཚོགས་པ་དང་ཁ་ཆེ་གྲངས་མང་གི་མཁར་དཀྱིལ་དམངས་གཙོ་མནའ་འབྲེལ་ཚོགས་པ་གཉིས་ཀས་ཕྱི་ཟླ་༡༢་པའི་ཚེས་༡༣་ཉིན་མངའ་ཁུལ་དེར་མངའ་སྡེའི་གནས་ཐོབ་སྤྲོད་དགོས། རྒྱ་གར་གཞུང་གིས་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་མ་སྤྲད་ན་ཕྱི་ཟླ་༣་པར་གནམ་གཤིས་དྲོད་བབས་པའི་རྗེས་སུ་སླར་ཡང་ལས་བཤོལ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་འདུག

XS
SM
MD
LG