ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ལ་དྭགས་ལ་འབྱོར་བའི་ཕྱི་མི་ཚོར་ནད་འགོག་གི་ཁྲིམས་བསྲུང་དུ་འཇུག་རྒྱུ།


༄༅།། དེང་སྐབས་འཛམ་གླིང་ཡུལ་གྲུ་གང་སར་ཨོ་མི་ཁོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁྱབ་ནས་འཛེམ་ཟོན་བྱེད་དགོས་ཀྱི་ཡོད་པ་ལྟར་རྒྱ་གར་གྱི་དབུས་ཐད་སྐྱོང་མངའ་ཁུལ་ལ་དྭགས་ཀྱི་ས་གནས་ཁག་ཏུའང་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་སྔོན་འགོག་བྱ་རྒྱུ་དེར་དམ་དོན་དང་ཡིད་གཟབ་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད་ཅིང་། ཕྱི་ཟླ་༢་པའི་ཚེས་༢་ཉིན་རྒྱ་གར་གྱི་ཊི་རི་བྷུན་གསར་ཤོག་ལ་གནས་ཚུལ་ཐོན་པ་ལྟར་ན། ལ་དྭགས་ཀྱི་ས་གནས་འགོ་ཁྲིད་ཚོས་དབུས་ཐད་སྐྱོང་མངའ་ཁུལ་དེར་འཛུགས་སྐྲུན་གྱི་ལས་དོན་ཆེད་དུ་ཡོང་མཁན་ཕྱི་མི་ཚང་མས་ངེས་པར་དུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྒྲིག་ཁྲིམས་ཁག་བརྩི་སྲུང་བྱ་དགོས་ཞེས་ནན་བརྗོད་བྱས་འདུག ལ་དྭགས་ཀྱི་རི་ཁུལ་འཛུགས་སྐྲུན་ལྷན་ཚོགས་ཀྱི་འགན་འཛིན་བཀྲ་ཤིས་རྒྱལ་མཚན་སོགས་མཉམ་ཞུགས་བྱས་པའི་ཚོགས་འདུ་ཞིག་གི་ཐོག་ཏུ་ཕྱི་མི་ངལ་རྩོལ་བ་ཚོས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཁྲིམས་རྣམས་བརྩི་སྲུང་བྱེད་ཀྱི་མེད་པས་ནད་དུག་ཁྱབ་གདལ་འགྲོ་བཞིན་པ་འགོག་དཀའ་བ་ཞིག་རེད། ལ་དྭགས་ས་ཁུལ་དུ་ནད་འགོག་གི་སྒྲིག་ཁྲིམས་རྣམས་སྤྱི་ཡོངས་སུ་ལག་ལེན་བསྟར་དགོས། ནད་འགོག་གི་སྒྲིག་ཁྲིམས་ཚུལ་བཞིན་སྲུང་བརྩི་བྱེད་མཁན་རྣམས་ལ་དྭགས་ལ་ཡོང་དུ་འཇུག་དགོས། སྒེར་པ་ཚོས་གླས་པའི་ངལ་རྩོལ་བ་ཚོས་ཀྱང་ནད་འགོག་གི་སྒྲིག་ཁྲིམས་རྣམས་སྤྱི་མཚུངས་སུ་ལག་ལེན་བསྟར་དགོས། ལ་དྭགས་ལ་མཁའ་ལམ་བརྒྱུད་ནས་བསླེབས་པའི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་གླེའི་གནམ་ཐང་དུ་བརྟག་དཔྱད་བྱས་དུས་འགྲུལ་པ་མང་དག་ཅིག་ལ་ནད་དུག་འགོས་ཡོད་པའི་ནད་རྟགས་འཐོན་གྱི་འདུག ལ་དྭགས་ས་གནས་གཞུང་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་དང་སྨན་ཁང་གི་ཡོ་བྱད། ཟུར་འགོག་ཁང་སོགས་ཀྱི་མཐུན་རྐྱེན་འདང་ངེས་ཤིག་མི་འདུག་ཅེས་བསྟན།།

རྒྱ་གར་གྱི་ཡིད་ཆེས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐོག་མར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་། ༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༢་བར་དུ་ལ་དྭགས་རྒྱལ་ཡོངས་སུ་མི་༢༢༥་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་ཕོག མི་༢༦༠༢༡་ལ་ནད་དུག་འགོས་ཀྱང་མི་༢༤༧༡༠་དྲག་སྐྱེད་བྱུང་། དེ་རིང་གཟའ་ལྷག་པའི་ཉིན་ལ་དྭགས་ཀྱི་ས་གནས་ཡོངས་སུ་ནད་པ་གསར་པ་༡༦༥་ཐོན། ནད་པ་དེ་དག་གི་གྲས་ཀྱི་མི་༧༧་རྒྱལ་ས་གླེ་དང་དེའི་ཉེ་འཁོར་དུ་འདུག མི་༨༨་མཁར་དཀྱིལ་རྫོང་དུ་ཡོད་པ་དང་ཁ་སང་གཟའ་མིག་དམར་ཉིན་རྒྱལ་ས་གླེའི་སྨན་ཁང་དུ་ནད་པ་༩༩་དང་མཁར་དཀྱིལ་རྫོང་གི་སྨན་ཁང་དུ་ནད་པ་༤༨་དྲག་སྐྱེད་བྱུང་སྟེ་རང་ཁྱིམ་དུ་བསློགས་འདུག་ཅེས་གནས་ཚུལ་སྤེལ། ཉེ་དུས་ཤིག་ནས་མཁར་དཀྱིལ་རྫོང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པར་མ་ཟད། རྟག་ཏུ་ཁྲོམ་གཞུང་དུ་ལོ་༡༥་ནས་༡༨་བར་དུ་སོན་པའི་མི་ཚོར་སྨན་ཐུན་དང་པོའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་འགོ་ཚུགས། ཁ་སང་གཟའ་མིག་དམར་ཉིན་སི་ཊེ་ཊི་སི་མན་གསར་ཤོག་ལ་གནས་ཚུལ་ཐོན་པ་ལྟར་ན། ཟངས་དཀར་ཆུ་བོར་འཁྱག་པ་ཆགས་པའི་རྗེས་སུ་རྒྱ་གར་གྱི་མཐའ་མཚམས་སྲུང་དམག་གི་རུ་ཁག་ཅིག་རྒྱང་ཐག་སྤྱི་ལེ་༣༦་ལ་རྐང་ཐང་དུ་སོང་སྟེ་གྲོང་གསེབ་ཅིག་གི་ཡུལ་མི་ཚོར་སྨན་བཅོས་ཀྱི་མཐུན་རྐྱེན་རྣམས་མཁོ་སྤྲོད་བྱས་འདུག རྒྱ་གར་གྱི་དམག་མི་༢༢་ཡོད་པའི་རུ་ཁག་ཅིག་གཉེར་རག་གྲོང་གསེབ་ལ་བསྐྱོད་ནས་སྨན་བཅོས་ཀྱི་མཐུན་རྐྱེན་རྣམས་བཀྲམ། ཟངས་དཀར་གྱི་གཉེར་རག་གྲོང་གསེབ་ནི་ལུང་ཁུག་དང་འགྲིམ་འགྲུལ་སྟབས་བདེ་མེད་ས། དགུན་གྱི་ཁ་བའི་ནང་དུ་ཐར་དཀའ་ས་དང་སྨན་ཁང་སོགས་ཀྱི་མཐུན་རྐྱེན་མེད་པས་རྒྱ་གར་གྱི་དམག་གིས་སྨན་བཅོས་ཀྱི་མཐུན་རྐྱེན་རྣམས་མཁོ་སྤྲོད་བྱས་པར་ས་གནས་མི་མང་གིས་རྗེས་སུ་ཡི་རང་ཞུས་འདུག

རྒྱ་གར་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༡་པའི་ཚེས་༤་ནས་ལ་དྭགས་ལ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པ་འགོག་ཐབས་སུ་ཟླ་བ་གཅིག་གི་རིང་ལ་དགུན་གྱི་ཡུལ་སྐོར་སྤྲོ་འཆམ་གྱི་ལས་རིགས་བཀག ལྷག་པར་དུ་ཟངས་དཀར་ཆུ་བོར་འཁྱག་པ་ཆགས་པའི་རྗེས་སུ་སྤྱི་ལེ་༡༠༥་ལྷག་གི་འཁྱག་དར་འགྲུལ་སྐྱོད་ཟེར་བ་ཞིག་ཚུགས་སྲོལ་ཡོད་ཀྱང་ལོ་འདིར་དུས་ཚིགས་དེ་འཚོགས་མ་ཐུབ། དེ་བཞིན་ལ་དྭགས་ཀྱི་ས་གནས་ཁག་ཏུ་དགུན་གྱི་དུས་སུ་གངས་གསིག་ལ་བལྟ་རྒྱུ་ནི་རྒྱ་གར་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོས་ཧ་ཅང་དགའ་མོས་བྱ་ཡུལ་ཞིག་ཡིན་རུང་༢༠༢༢་ལོའི་དགུན་དུས་འདིར་ལ་དྭགས་ཀྱི་ཟངས་དཀར་ཆུ་བོའི་འཁྱག་དར་འགྲུལ་སྐྱོད་དང་གངས་གསིག་ལ་བལྟ་བའི་ཡུལ་སྐོར་སྤྲོ་འཆམ་གཉིས་ཀ་མཚམས་བཞག་སྟེ་ཚོང་ལས་ལ་གྱོང་གུད་ཆེན་པོ་ཕོག ད་ལོའི་ཕྱི་ཟླ་༡་པོ་དང་༢་པའི་བར་དུ་མཁར་དཀྱིལ་རྫོང་ལ་ཁམ་བུའི་མེ་ཏོག་བལྟ་བའི་དུས་སྟོན་ཚུགས་དགོས་པའང་ཕྱིར་འཐེན་བྱས་ཤིང་། ༢༠༢༠་ནས་ལ་དྭགས་དང་ཇམ་མུ་ཀསྨིར་ས་གནས་ཁག་ལ་ནད་ཡམས་སྔོན་འགོག་ཆེད་དུ་སྒོ་རྒྱ་བསྡམས་ནས་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་ལ་བར་ཆད་བྱུང་། ལ་དྭགས་ནི་དབྱར་གྱི་ཆར་ཞོད་དུས་སུ་རྒྱ་གར་བ་དང་ཕྱི་རྒྱལ་བ་སོགས་མི་སྟོང་ཕྲག་མང་པོ་གུང་སེང་ལ་བསྐྱོད་ཡུལ་གཙོ་བོ་ཞིག་ཤིག་ཏུ་གྱུར། ལ་དྭགས་ཀྱི་དཔལ་འབྱོར་ཡོང་འབབ་ཀྱང་ཞིང་ལས་དང་འབྲོག་ལས། ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་དང་རྒྱ་གར་དབུས་གཞུང་གིས་རོགས་སྐྱོར་བཅས་ལ་བརྟེན་དགོས། དེ་དག་ལས་ཀྱང་ཡུལ་སྐོར་སྤྲོ་འཆམ་གྱི་ཡོང་འབབ་ནི་ལ་དྭགས་པའི་དཔལ་འབྱོར་གྱི་འབྱུང་ཁུངས་ལྟེ་བ་ཞིག་ཡིན་རུང་༢༩༡༩་ལོར་མངའ་ཁུལ་དེ་རྒྱ་གར་གྱི་དབུས་གཞུང་གི་ཐད་སྐྱོང་མངའ་ཁུལ་ཞིག་ལ་གྱུར། དེ་ནས་བཟུང་སྟེ་ལ་དྭགས་ལ་རྒྱ་གར་གྱི་ས་གནས་གཞན་ཁག་ནས་མི་མང་གནས་སྤོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་ཚོང་ལས་ཇེ་མང་། མི་ཚོགས་ཇེ་ཆེ་དང་ལས་ཀའི་གོ་སྐབས་དཀོན་པོ། ནད་ཡམས་ཁྱབ་གདལ་གྱི་ཉེན་ཁའང་སྔར་ལས་ཆེ་རུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག


XS
SM
MD
LG