ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༢/༠༥/༡༩

པདྨ་བཟང་པོ་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་པར་བསྐོ་བཞག


༄༅།། ཕྱི་ཟླ་༡་པོའི་ཚེས་༢༥་ཉིན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་དུ་པདྨ་བཟང་པོས་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་གྱི་དྲུང་དུ་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་པའི་ལས་ཁུར་དམ་བཅའ་ཕུལ། དམ་འབུལ་གྱི་མཛད་སྒོ་གྲུབ་པའི་རྗེས་སུ་པདྨ་བཟང་པོས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ལ་དྭགས་ས་གནས་ཀྱི་ཁྲིམས་ཞིབ་ཁང་ལ་ཁྲིམས་ལུགས་ཀྱི་སློབ་སྦྱོང་ཐོན་པའི་ཁྲིམས་ཞིབ་པ་ཞིག་གསར་བསྐོ་མ་བྱུང་བར་དུ་ང་འཕྲད་སེལ་ལ་དྭགས་ས་གནས་ཁྲིམས་ཞིབ་པར་བསྐོ་བཞག་བྱས་པ་བཞིན་མ་འོངས་པར་ས་གནས་ཁྲིམས་ཞིབ་པའི་ལས་དོན་མཐའ་དག་དམ་འབུལ་གྱི་ཚིག་དོན་དང་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་དོན་དང་འཛིན་སྐྱོང་གི་ལས་དོན་རྣམས་དྲང་བདེན་གྱིས་བསྒྲུབ་རྒྱུ་ཡིན་ཞེས་དམ་བཅའ་བཞག

པདྨ་བཟང་པོ་ནི་ལ་དྭགས་བྱང་ཐང་ཧན་ལེ་ས་གནས་སུ་སྐྱེས་ཏེ་འཛིན་རིམ་བཅུ་པ་ལ་དྭགས་བོད་ཁྱིམ་སློབ་གྲྭ་དང་འཛིན་རིམ་བཅུ་གཉིས་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ་ནས་ཐོན། ཁོང་གིས་འཛིམ་རིམ་བཅུ་གཉིས་པའི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་སྐབས་སུ་ཨང་གྲངས་བརྒྱ་ཆ་༨༧.༥་ལོན་ཏེ་བྷེང་ལོར་གྲོང་ཁྱེར་གྱི་སན་ཇཱོ་སེབ་ཚོང་དོན་མཐོ་སློབ་འགྲིམས་ནས་ཚོང་རྩིས་སློབ་སྦྱོང་དང་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན། དེའི་རྗེས་སུ་ཟླ་བ་དྲུག་གི་རིང་ལ་ལྡི་ལིར་ཀམ་པུ་ཊར་སློབ་སྦྱོང་བྱས་ནས་༢༠༡༣་ལོར་འཕྲལ་སེལ་གྱི་ངོ་བོའི་ཐོག་ཏུ་ཟླ་བ་གསུམ་རིང་ལ་དྭགས་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་དང་རྩིས་པ་གཅིག་ལྕོགས་ཀྱི་ལས་ཁུར་བཞེས།།

ཕྱིས་སུ་ཁྲིམས་དྲུང་གི་ཡིག་རྒྱུགས་འཕྲོད་ནས་དྲུང་གཞོན་གྱི་གནས་རིམ་ཐོག་ཏུ་སླར་ཡང་ལ་དྭགས་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་དང་རྩིས་པ་གཅིག་ལྕོགས་སུ་བསྐོ་བཞག་བྱུང་། དེ་ནས་ནང་སྲིད་ལས་ཁུངས་ཀྱི་འཛིན་གཞིས་དང་ནང་ཞིབ་ཚན་པའི་འགན་འཛིན་གྱི་ལས་ཁུར་བཞེས་ཏེ་༢༠༢༡་ལོའི་ཕྱི་ཟླ་༧་པར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཟུང་དྲུང་དུ་གནས་སྦོས་ལས་འགན་བཀོད་སྒྲིག་ཞུས་པ་བཞིན་ལས་དོན་སྒྲུབ་བཞིན་ཡོད་ཅིང་། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འོག་ཏུ་སྐོར་སྐྱོད་ཁྲིམས་ཞིབ་ཁང་དང་ས་གནས་ཁྲིམས་ཞིབ་ཁང་གཉིས་ཡོད་པ་དང་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ནི་༢༠༡༢་ལོའི་ཕྱི་ཟླ་༨་པའི་ཚེས་༡༣་ཉིན་ལྕོག་ལམ་སར་བསོད་ནམས་གླིང་གཞིས་ཆགས་སུ་གསར་དུ་བཙུགས། དེའི་ཁྱབ་ཁོངས་སུ་བསོད་ནམས་གླིང་ལ་སྤྱི་ལས་ཁུངས་ཀྱི་ཁྱབ་ཁོངས་དང་ཇམ་མུ་ཀསྨིར་མངའ་ཁུལ་གྱི་བོད་པ་ཁ་འཐོར་བའི་ཚོགས་སྡེ་ཁག་ཡོངས་རྫོགས་འདུས་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG