ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༢/༠༥/༡༩

ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་ཤུགས་སྐྱེད་སྨན་ཁབ་རྒྱག་འགོ་ཚུགས།


༄༅།། རྒྱ་གར་གཞུང་གིས་བཀོད་ཁྱབ་ལམ་སྟོན་ལྟར་ཕྱི་ཟླ་༡་ཚེས་༡༠་ནས་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་ཁག་གི་སྨན་པ་དང་སྨན་ཞབས་པ་སོགས་ནད་ཡམས་ཀྱི་མདུན་སར་སྐྱོད་མཁན། མི་མང་ལོ་ན་༦༠་ཡན་ཆད་ལ་སོན་པའི་བོད་པ་སེར་སྐྱ་མང་ཚོགས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཐུན་གསུམ་པ་སྟེ། ཤུགས་སྐྱེད་སྨན་ཁབ་རྒྱག་འགོ་ཚུགས་ཡོད་ཅིང་། ཕྱི་ཚེས་༡༣་ཉིན་སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་སྨན་ཞབས་པ་ཚོ་སེ་ར་ཐེག་ཆེན་གླིང་དུ་བཅར་ནས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེར་ཤུགས་སྐྱེད་སྨན་ཁབ་གསུམ་པ་འབུལ་བཞེས། སྦེལ་ཀོབ་གཞིས་གྲོང་དང་པོའི་ས་གནས་རྒྱ་གར་གཞུང་གི་སྨན་ཁང་དུ་སྦག་སའི་གནས་བརྟན་བགྲེས་སོང་རྣམས་དང་ལོ་ན་༦༠་ཡན་ཆད་ལ་སོན་པའི་སྦེལ་ཀོབ་ལུགས་བདེ་གཞིས་ཆགས་གཉིས་ཀྱི་སེར་སྐྱ་མང་ཚོགས་ལ་མུ་མཐུད་དུ་སྨན་ཁབ་རྒྱག་བཞིན་ཡོད་པ་རེད།།

བགྲེས་སོང་ཁག་ཅིག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཤུགས་སྐྱེད་སྨན་ཁབ་རྒྱག་དགོས་པའི་གལ་གནད་དང་སྨན་ཁབ་བརྒྱབ་ཚར་བའི་གཞུག་ཏུ་མ་བདེ་བ་འདྲ་བྱུང་ཡོད་མེད། སྨན་ཁབ་དང་པོ་དང་གཉིས་པ་བརྒྱབ་པའི་རྗེས་སུ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་ཐད་དགུང་ལོ་༨༣་ལ་ཕེབས་པའི་རྨོ་ཚེ་ལྷ་མོ་སོགས་ལ་བཅར་དྲི་ཞུས། གསར་འགོད་པ་སྨན་ཁབ་རྒྱག་ཡུལ་ས་གནས་སུ་ཆེད་སྐྱོད་ཀྱིས་གནས་ཚུལ་རྟོག་ཞིབ་བྱས་པའི་སྐབས་དེར་སྨན་ཁབ་གསུམ་པ་དེ་རྒྱག་པའི་དུས་ཚོད་ཟིན་ཡོད་མེད་མི་ཚོའི་ལག་ཐོགས་ཁ་པར་ནང་དུ་འཕྲིན་ཐུང་འབྱོར་གྱི་ཡོད་ཅིང་། ཁྱིམ་དུ་ཕྲུ་གུ་སོགས་ལམ་སྟོན་བྱེད་མཁན་མེད་པའི་བགྲེས་སོང་ཁག་ཅིག་གིས་འཕྲིན་ཐུང་ཀློག་མ་ཤེས་པར་དུས་ཚོད་འཁྲུགས་པའི་དབང་གིས་ཕྱིར་ལོག་བྱེད་དགོས་མཁན་ཁ་ཤས་བྱུང་སོང་།།

མོན་གྷོ་འདོད་རྒུ་གླིང་གི་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་གིས་ཁུལ་དེར་ཕྱི་ཟླ་དང་པོའི་ཚེས་༡༠་ནས་ཤུགས་སྐྱེད་སྨན་ཁབ་རྒྱག་བཞིན་ཡོད། ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་དང་མདུན་སྐྱོད་ཞབས་ཞུ་བ་བཅས་མི་༡༨༤་དང་ལོ་ན་༦༠་ཡན་ཆད་ལ་སོན་པའི་མི་༦༠༦་ཐོ་འགོད་བྱུང་བའི་ཁོངས་ནས་མི་༣༣༠་ལ་སྨན་ཁབ་གསུམ་པ་རྒྱབ་ཟིན། མང་ཚོགས་ཀྱི་གྲས་སུ་སྨན་ཁབ་མི་རྒྱག་མཁན་ཁ་ཤས་འདུག་ཅེས་འགྲེལ་བརྗོད་གནང་འདུག ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་ལོ་ན་༦༠་ཡན་ཆད་ལ་སོན་པའི་མི་གྲངས་༥༥༨་ཡོད་པ་དེ་དག་ལ་སྨན་ཁབ་བརྒྱབ་ཟིན་ཞིང་། ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་ཕྱི་ཚེས་༡༢་ནས་སྨན་ཁབ་རྒྱག་འགོ་ཚུགས། གཞིས་ཆགས་དེར་ལོ་ན་༦༠་ཡན་ཆད་ལ་སོན་པའི་མི་གྲངས་༣༤༩་ཡོད་པ་དེ་དག་ལ་སྨན་ཁབ་བརྒྱབ་ཟིན་ཞེས་ས་གནས་འཕྲོད་བསྟེན་སྨན་ཁང་གི་དབུ་འཛིན་མིག་དམར་ཚེ་རིང་གིས་འགྲེལ་བརྗོད་གནང་འདུག

ད་ལྟའི་ཆར་ཀོ་ལི་གྷལ་དོན་ལྡན་གླིང་དུ་གཞིས་སུ་ཕྱི་ཚེས་༧་ནས་ནད་དུག་འགོས་པའི་མི་༡༣༩་བྱུང་བའི་ཁོངས་ནས་མི་༧༧་དྲག་སྐྱེད་བྱུང་། ད་དུང་ཡང་མི་༦༢་ཡོད་པ་དང་མོན་གྷོ་འདོད་རྒུ་གླིང་དུ་མི་༡༧་ཡོད། ཧུན་སུར་གཞིས་ཆགས་སུ་མི་༧༩་ཡོད་པ་དང་སྦེལ་ཀོབ་གཞིས་ཆགས་སུ་མི་༥༤་ཡོད་པར་མ་ཟད། ཕྱི་ཚེས་༢༠་བར་དུ་ཁྱོན་བསྡོམས་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༢༡༢་བྱུང་ཞིང་། རྒྱ་གར་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཤུགས་སྐྱེད་སྨན་ཁབ་ཕྱི་ཟླ་༡་ཚེས་༢༩་བར་དུ་བརྒྱབ་ཚར་དགོས་ཞེས་བཀོད་ཁྱབ་བཏང་འདུག་པ་བཅས་ཀྱི་སྐོར། རྒྱལ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG