ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༧གོང་ས་མཆོག་དང་ཨུ་རུ་སུའི་ཚན་རིག་པ་ཚོས་ཐུགས་དམ་སྐོར་བགྲོ་གླེང་།


༄༅།། ཕྱི་ཟླ་༥་པའི་ཚེས་༥་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ཨུ་རུ་སུའི་ཚན་རིག་པ་ཚོས་ཐུགས་དམ་གཙོ་བོར་བཟུང་སྟེ་སྒོམ་སྒྲུབ་ཀྱི་ཉམས་ལེན་ཁག་ལ་ཚན་རིག་གི་ཐབས་ལམ་བརྒྱུད་ནས་ཡར་རྒྱས་དང་བརྟག་དཔྱད་གཏོང་ཐབས་བཅས་ལ་བགྲོ་གླེང་གནང་ཡོད་ཅིང་། དེ་ཡང་༧གོང་ས་མཆོག་གིས་ས་དང་ལྷག་མཐོང་གི་སྒོམ་སྒྲུབ་ཉམས་ལེན་ལ་རིགས་མ་འདྲ་བ་གཉིས་ཡོད་པ་ངོ་སྤྲོད་གནང་སྟེ་སེམས་ཞི་ཞིང་འདུལ་བར་གནས་རྒྱུར་ཞི་ལྷག་ཟུང་འབྲེལ་གྱི་ཉམས་ལེན་ཡོད་ན་ཕན་པ་ཆེན་པོ་ཡོད། དེ་བཞིན་ཚན་རིག་པས་འགྲོ་བ་མིའི་སེམས་ཚོར་ཡོངས་རྫོགས་གཅིག་ཏུ་བསྡུས་པ་དེ་ཞིབ་ཕྲ་ཞིག་ཤེས་རྟོགས་ཐུབ་པར་བློ་རིགས་ཞིབ་ཕྲ་ཞིག་སྦྱང་ཐུབ་པ་ཕན་པ་ཆེན་པོ་ཡོད་ཅེས་ལམ་སྟོན་མཛད།།

ད་ཐེངས་ཀྱི་བགྲོ་གླེང་འདིར་ཨུ་རུ་སུའི་ཚན་རིག་པ་ཚོའི་ལྷན་དུ་ནང་པའི་བཙུན་པ་ཉམས་ཞིབ་པ་ཁག་ཅིག་ཀྱང་མཉམ་ཞུགས་བྱས་ཤིང་། ཁོང་ཚོས་མི་དཀྱུས་མ་འགའ་རེ་ཚེ་ལས་འདས་པའི་རྗེས་སུ་རྒྱུ་ནོར་ལ་སེམས་ཆགས་ནས་ཉིན་ཞག་མང་པོར་ཕུང་པོར་དྲི་མ་མེད་པར་གནས་སྲིད་པའི་གསུང་རྒྱུན་ཡོད་པ་རྣམས་དོན་དངོས་སུ་ཐུགས་དམ་ལ་བཞུགས་པ་ཡིན་མིན་གྱི་ཁྱད་པར་ཇི་ལྟར་དབྱེ་དགོས་པ་དང་ཐུགས་དམ་སྐབས་སུ་ཕུང་པོའི་སྟེང་དུ་འདས་པོ་དེ་ཐུགས་དམ་ལ་བཞུགས་ཡོད་པའི་རྟགས་མཚན་དམིགས་བསལ་བ་གང་གང་ཡོད་མེད་བཅས་ལ་བཀའ་འདྲི་ཞུས། ༧གོང་ས་མཆོག་གིས་སྔོན་ཆད་ཡོངས་འཛིན་རྣམ་པ་ཚོས་གསུངས་པ་ཁག་ཅིག་དཔེ་རུ་བཀོད་ནས་མི་གྲོངས་པའི་སྐབས་སུ་དངོས་པོར་ཞེན་ཆགས་ཆེན་པོ་ཡོད་པའི་སྟབས་ཀྱིས་སེམས་པ་ལུས་བརྟེན་ནས་འཕོས་མ་ཐུབ་པ་ནི་དངོས་འབྲེལ་ཡོད་ས་རེད། གཙོ་བོ་ཤེས་པ་ཕྲ་རགས་ཀྱི་ཐིམ་རིམ་ལ་ཇི་ལྟ་བ་བཞིན་བརྒྱུད་ཡོད་ན་ཐུགས་དམ་ལ་བཞུགས་པ་རེད་ཅེས་བཀའ་ལན་སྩལ།།
དེ་རིང་གི་མཛད་རིམ་ལ་ཚན་རིག་མཁས་པ་ཁག་དང་ཚན་རིག་གི་སློབ་ཕྲུག་ཁག་ཅིག་ལ་ཐུགས་དམ་སྐོར་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་གནང་སྟེ་ཚན་རིག་པ་ཚོས་བརྟག་དཔྱད་ཁང་དུ་དུད་འགྲོ་སེམས་ཅན་བེད་སྤྱོད་བྱེད་ཀྱི་ཡོད་པ་ འགྲིག་མིན་དང་སེམས་ཅན་ལ་སྐྱེ་བ་སྣ་ཕྱི་ཡོད་པ་ཁས་ལེན་གྱི་ཡོད་པས་དེ་ཇི་ལྟར་རྟོགས་དགོས་ཞེས་བཀའ་འདྲི་ཞུས། ༧གོང་ས་མཆོག་གིས་ཆེད་ལས་སྒྲུབ་པའི་དུས་སུ་བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས། གཞན་ཕན་གྱི་བློ་ཞིག་དགོས་རྒྱུ་གལ་ཆེན་ཡིན། སྐྱེ་བ་སྔོན་མའི་བག་ཆགས་རྟོགས་ཐབས་དང་སེམས་ཕྲ་རགས་ཀྱི་ཁྱད་པར། ཚན་རིག་དང་ནང་ཆོས་ཟུང་འབྲེལ་གྱིས་འཛམ་གླིང་ལ་ཞབས་འདེགས་ཇི་ལྟར་བསྒྲུབ་དགོས་པ་བཅས་ལའང་བགྲོ་གླེང་གནང་སོང་།

༧གོང་ས་མཆོག་དང་ཨུ་རུ་སུའི་ཚན་རིག་པ་ཚོས་ཐུགས་དམ་སྐོར་ཞིབ་འཇུག་བྱ་རྒྱུའི་ལས་གཞི་དེ་ཕྱི་ལོ་༢༠༡༧་ལོར་དབུ་ཚུགས། ད་ཐེངས་ཀྱི་ལྷན་ཚོགས་འདི་བགྲོ་གླེང་ཐེངས་གསུམ་པ་ཡིན་ཞིང་། ཁོང་ཚོས་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཁག་ཏུ་ཞིབ་འཇུག་བསྟི་གནས་ཁང་གསར་འཛུགས་བྱས་ཏེ་རིམ་བཞིན་རྒྱ་གར་བྱང་ཕྱོགས་ཀྱི་དགོན་སྡེ་ཁག་ཏུའང་ཞིབ་འཇུག་བསྟི་གནས་ཁང་འཛུགས་འཆར་ཡོད་འདུག

ཨུ་རུ་སུའི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་བོད་དོན་རྒྱབ་སྐྱོར་ཐེབས་རྩ་ཁང་ཐུན་མོང་གིས་༧གོང་ས་མཆོག་དང་ཨུ་རུ་སུའི་ཀླད་རྩའི་ཚན་རིག་པའི་བགྲོ་གླེང་འདི་དྲྭ་ལམ་དུ་བཀོད་སྒྲིག་ཞུས། ཐོག་མར་ཨུ་རུ་སུའི་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་འགྲོ་བ་མིའི་ཀླད་པའི་བསྟི་གནས་ཁང་གསར་འཛུགས་པ་དང་ཨུ་རུ་སུའི་ཚན་རིག་པའི་སློབ་གཉེར་ཁང་གི་ཚོགས་མི་སློབ་དཔོན་ཆེན་མོ་མཱེ་ཌི་ཝྭེ་ཌེབ་ཀྱིས་ལོ་གཉིས་དང་ཕྱེད་ཀ་ཙམ་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་དང་རྒྱབ་སྐྱོར་འོག ཨུ་རུ་སུའི་ཚན་རིག་པ་ཚོར་ཐུགས་དམ་གཙོ་བོར་བཟུང་བའི་སྒོམ་སྒྲུབ་ལ་ཞིབ་འཇུག་བྱེད་པར་རྒྱ་གར་གྱི་བོད་པའི་དགེ་ལུགས་པའི་དགོན་སྡེ་ཁག་ལ་མཉམ་འབྲེལ་གྱི་སྒོམ་ཆེན་༡༠༤་ལ་ཚན་རིག་གི་ལམ་ནས་བརྟག་དཔྱད་བྱུང་ཡོད་པར་མ་ཟད། ཐུགས་དམ་ལ་བཞུགས་མཁན་བཅུར་ཞིབ་འཇུག་དང་བརྟག་དཔྱད། ཉེ་ཆར་རྒྱུད་སྟོད་གྲྭ་ཚང་གི་དགེ་བའི་བཤེས་གཉེན་ཆེན་མོ་དགེ་འདུན་ཚེ་རིང་ཉིན་༣༧་ལ་ཐུགས་དམ་དུ་བཞུགས་པའི་སྐབས་དེར་རྒྱུན་ལྡན་གྱི་བརྟག་དཔྱད་པ་དང་སྨན་པ་ཞིག རྒྱལ་ཁབ་ངེས་དོན་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་མི་བཅས་པ་གདན་འདྲེན་ཞུས་ནས་དམ་པ་དེའི་གནས་སྟངས་དང་ཚེ་འདས་གཞན་གྱི་གནས་སྟངས་ལ་མཚུངས་སྡུར་ཞུས་ནས་བརྟག་དཔྱད་བྱས་འདུག་པ་བཅས་ཀྱི་སྐོར། བཞུགས་སྒར་ནས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG