ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཆབ་སྲིད་བཙོན་པ་ནོར་བཟང་མནར་གཅོད་འོག་འདས་གྲོངས།


༄༅།། བོད་ཀྱི་ཆབ་སྲིད་བཙོན་པ་ཤག་རོང་པོའི་ནོར་བཟང་རྒྱ་ནག་གི་ཉེན་རྟོག་པ་ཚོས་རྡུང་རྡེག་དང་མནར་གཅོད་དྲག་པོ་བཏང་སྟེ་རྐྱེན་འདས་སུ་གྱུར་པའི་གནས་ཚུལ་ཐོན་པ་ཤེས་རྟོགས་བྱུང་འདུག དེ་ཡང་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་བྱས་པ་ལྟར་ན། ༢༠༡༩་ལོའི་ཕྱི་ཟླ་༩་པར་རྒྱ་གཞུང་གིས་ནག་ཆུ་སྟར་ཆེན་ཡུལ་ཚོར་ཆབ་སྲིད་ཀྱི་སློབ་གསོ་བཏང་བར་དང་ལེན་མ་བྱས་པའི་རྐྱེན་གྱིས་ནོར་བཟང་འཛིན་བཟུང་བྱས་ནས་ལོ་ངོ་གཉིས་ཙམ་གྱི་རིང་དེར་གནས་ཚུལ་གསལ་པོ་ཞིག་ཤེས་རྟོགས་བྱུང་མེད་ཅིང་། ཉེ་ཆར་ནག་ཆུ་ཤག་རོང་པོ་གེ་སོ་སྲ་བྷ་གྲོང་གི་ནོར་བཟང་རྒྱ་ནག་གཞུང་གིས་སྟར་ཆེན་ཤང་དུ་རྡུང་རྡེག་དང་མནར་གཅོད་དྲག་པོ་བཏང་ནས་རྐྱེན་ལམ་དུ་ཕྱིན་པ་ཤེས་རྟོག་བྱུང་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག

གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་གིས་ནོར་བཟང་ནི་བུ་ལོན་ཆེན་པོ་ཡོད་པས་བུན་ལོན་འཇལ་མ་ཐུབ་པར་ཤག་ཆུའི་ཟམ་སྟེང་དུ་ཆུ་ལ་མཆོངས་ཏེ་འདས་གྲོངས་སུ་གྱུར་པ་རེད་ཅེས་བཀྲལ། འོན་ཀྱང་ངོ་ཤེས་དང་རྒྱུས་ཡོད་ཚོས་ནོར་བཟང་ལ་བུ་ལོན་སྣ་གཅིག་མེད་པར་མ་ཟད། འཚོ་བའི་མཐུན་རྐྱེན་སོགས་གང་ཅིའི་ཐད་དུ་ཡག་པོ་ཡོད་པ་དང་བུ་ལོན་འཇལ་མ་ཐུབ་པར་རང་ཤི་རྒྱག་དགོས་དོན་མེད། དེ་ནི་དོན་དངོས་ཤིག་མ་རེད་ཅེས་གླེང་། གནས་ཚུལ་འདི་༢༠༡༩་ལོའི་ཕྱི་ཟླ་བ་༩་པའི་ནང་དུ་བྱུང་ཡང་རྒྱ་ནག་དམར་ཤོག་གཞུང་ཚུགས་ཏེ་ལོ་༧༠་འཁོར་བའི་རྒྱལ་སྟོན་དུས་ཆེན་ཟེར་བ་ཚོགས་ལ་ཉེ་བའི་དུས་སྐབས་ཡིན་པས་བོད་རང་སྐྱོང་ལྗོང་ནག་ཆུ་ཁུལ། ཤག་རོང་པོ་གེ་སོ་སྲ་བྷ་གྲོང་གི་ནོར་བཟང་དང་གེ་སོ་ཚ་ལྷིས་གྲོང་གི་མི་འགའ་ཞིག་བཅས་ཁྱོན་བསྡོམས་མི་༦་གིས་སྟར་ཆེན་ཤང་དུ་རྒྱ་ནག་གི་ཆབ་སྲིད་བསམ་བློའི་སློབ་གསོར་དང་ལེན་མ་བྱས་པའི་རྐྱེན་གྱིས་འཛིན་བཟུང་བྱས་ཡོད་པ་དང་རྗེས་སུ་མི་གཞན་པ་ལྔ་རིམ་བཞིན་གློད་གྲོལ་ཐོབ། ཡིན་ནའང་ནོར་བཟང་གློད་གྲོལ་བཏང་མེད་པ་སྐབས་དེར་ཕྱི་ཕྱོགས་སུ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན།།

གནས་ཚུལ་ངོ་སྤྲོད་པས་བརྗོད་པ་ལྟར་ན། ད་ལྟའི་བར་དུ་གནས་ཚུལ་དེ་གསལ་པོ་ཞིག་ཤེས་མ་རྟོགས་མ་ཐུབ་པའིི་རྒྱུུ་མཚན་ནི་སྐབས་དེར་ས་གནས་ལ་ཧ་ཅང་དམ་དྲག་ཆེ་བས་ནོར་བཟང་གི་སྐོར་ཤེས་རྟོགས་མ་ཐུབ། ཁོང་གི་མཉམ་དུ་འཛིན་བཟུང་བྱས་པའི་མི་གཞན་རྣམས་གློད་གྲོལ་བཏང་ཡང་ནོར་བཟང་གཅིག་པུ་གློད་གྲོལ་མ་བཏང་བའི་རྒྱུ་མཚན་ནི་རྒྱུན་དུ་བོད་པའི་ལ་རྒྱ་ཟབ་པ་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཧ་ཅང་གི་དད་པ་དང་ཡིད་ཆེས་བརྟན་པོ་ཞུ་མཁན་ཞིག་ཡིན་པས་རྒྱ་གཞུང་གིས་སློབ་གསོ་ཁག་ལ་དང་ལེན་གཏན་ནས་མ་བྱས་པར་ལྟ་བ་མཁྲེགས་པོ་བཟུང་བའི་སྟབས་ཀྱིས་རེད་ཅེས་བཤད། ༢༠༡༩་ལོར་ནོར་བཟང་འཛིན་བཟུང་བྱེད་པར་རྒྱ་གཞུང་གི་ཉེན་རྟོག་པ་རླངས་འཁོར་ལྔ་དྲུག་ཅིག་ཡོང་ནས་ཉེན་རྟོག་པས་ནོར་བཟང་གི་ཁྱིམ་ལ་སྔོག་བཤེར་གང་བྱུང་བྱས་དང་ཕྲུ་གུ་སྐྱེ་རྒྱུ་ཡོད་པའི་ཆུང་མར་ཡང་སུན་གཙེར། ད་ལྟ་ཆུང་མ་ནི་འདས་པོའི་སྡུག་བསྔལ་གྱིས་སྨྱོ་གྲབས་སུ་གྱུར། ནོར་བཟང་གི་ཁྱིམ་དུ་བཟའ་ཟླ་དང་བྱིས་པ་དྲུག་ཡོད་པ་དང་མ་བུ་ཚོའི་གནས་སྟངས་ནི་ཧ་ཅང་གི་ཡ་ང་བའི་གནས་སུ་ལྷུང་། ནོར་བཟང་གི་ཕ་མིང་ལ་བསོད་ནམས་དབྱངས་དགའ་དང་ཨ་མའི་མིང་ལ་གངས་ཆུང་། ཁོ་པ་འཛིན་བཟུང་བྱས་པའི་སྐབས་དེར་ལོ་ན་༣༥་ཡས་མས་སུ་སོན་ཡོད་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG