ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

བདུན་ཕྲག་འདིར་རྒྱ་བལ་གཉིས་སུ་བོད་པ་༨༨༤་ལ་ནད་དུག་འགོས་པ།


༄༅།། བཞུགས་སྒར་རྡ་རམ་ས་ལར་ཉིན་རེ་བཞིན་ཏོག་དབྱིབས་ནད་དུག་འགོ་མཁན་བོད་པ་༢༠་ཡས་མས་རེ་འཐོན་བཞིན་ཡོད་ཅིང་། ད་དུང་མུ་མཐུད་དུ་མི་ཚང་མས་བརྟག་དཔྱད་ངེས་པར་དུ་བྱ་དགོས་ཞེས་ཕྱི་ཟླ་༥་པའི་ཚེས་༦་ཉིན་བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་གསལ་བཤད་སྐབས་སུ་ནན་བརྗོད་གནང་སོང་། དེང་སྐབས་རྒྱ་གར་ལ་ནད་ཡམས་ཁྱབ་གདལ་གྱི་ཛ་དྲག་ཆེ་བས་རྒྱ་གར་དང་བལ་ཡུལ་གྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུའང་བདུན་རེ་ནས་བདུན་རེ་བཞིན་དུ་ནད་པ་ཇེ་མང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག བདུན་ཕྲག་འདིར་རྒྱ་གར་གྱི་བོད་པ་གནས་འཁོད་ས་གནས་༢༦་དང་བལ་ཡུལ་གྱི་གནས་ཁག་༤་རུ་ཁྱོན་བསྡོམས་བོད་པ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༤༨༤་ཐོན་འདུག་ཅེས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་སྣེ་བསྟན་འཛིན་ཟླ་གསལ་གྱིས་གསལ་བསྒྲགས་སྤེལ་སོང་།

འདས་པའི་བདུན་ཕྲག་དེར་ནད་པ་མང་ཤོས་ཐོན་ས་ནི་བཞུགས་སྒར་རྡ་རམ་ས་ལ་ཡིན་ཞིང་། བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ཀྱིས་བཞུགས་སྒར་ཁུལ་དུ་ཉིན་ལྟར་ནད་རྟགས་ཐོན་མཁན་བོད་པ་༢༠་ཡས་མས་རེ་འབྱུང་གི་འདུག བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་སློབ་གྲྭ དགོན་སྡེ་ཁག་དང་མང་ཚོགས་བཅས་ནད་པ་༢༠༠་ལྷག་བྱུང་སོང་། ང་ཚོས་ནད་པའི་གནས་སྟངས་ལ་གཞིགས་ནས་ལྟ་རྟོག་བྱེད་ཀྱི་ཡོད་ཅེས་བཀྲལ། འདས་པའི་བདུན་ཕྲག་གཉིས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་བྱེད་པ་མང་ཆེ་བ་ལས་ཁུངས་སུ་བཅར་མ་དགོས་པར་རང་ཁྱིམ་དུ་རྒྱང་ལས་བྱེད་བཞིན་ཡོད་ཅིང་། དེ་རིང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ས་གནས་གྲོང་སྡེ་ལས་ཁུངས་ཟུང་འབྲེལ་གྱིས་མེག་ལོར་ཁྲོམ་གཞུང་དང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གཡས་གཡོན་བཅས་སུ་དུག་སེལ་བྱས་ཤིང་། ཧི་མ་ཅལ་མངའ་སྡེའི་གཞུང་གིས་རང་གི་མངའ་ཁོངས་སུ་ནད་པ་ཇེ་མང་དུ་འགྲོ་བཞིན་པ་འགོག་ཐབས་སུ་ཕྱི་ཟླ་༥་པའི་ཚེས་༡༧་བར་དུ་ཛ་དྲག་དང་དགོས་ངེས་མིན་ན་མཚན་འགྲུལ་བཀག་སྡོམ་དང་མི་རྣམས་ཕྱི་ལ་འབུད་མི་ཆོག་པའི་བཀག་སྡོམ། མི་༢༠་ལྷག་འདུ་འཛོམ་བྱེད་མི་ཆོག་པ་སོགས་ཀྱི་བཀའ་རྒྱ་བསྡམས།།

ཉེ་དུས་ཤིག་ནས་བོད་པའི་གཞིས་སྒར་ཁག་ཏུ་ཛ་དྲག་ཆེ་ཤོས་ཡོད་ས་ཞིག་ནི་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་ཡིན་ཞིང་། དེའི་ཐད་རྒྱ་གར་བྱང་ཕྱོགས་ ཌེ་ར་དྷུན་ས་གནས་འགོ་འཛིན་ནོར་བུ་ལ་བཅར་འདྲི་ཞུས་པར་བདེ་སྐྱིད་གླིང་གཞིས་སྒར་དུ་ནད་པ་༤༤་ལས་མེད་པ་དང་ནད་པ་མང་ཆེ་བ་དྲག་སྐྱེད་བྱུང་སོང་། འོན་ཀྱང་དོན་གྲུབ་གླིང་དང་ཚེ་རིང་དོན་ལྡན་གླིང། ར་ཇི་པུར་དང་མ་སུ་རི་ལ་སོགས་བོད་པ་གནས་སྡོད་ས་གནས་ཁག་ཏུ་ནད་པ་མང་དུ་འགྲོ་བཞིན་འདུག ཌེ་ར་དྷུན་ཁྱབ་ཁོངས་ཀྱི་གཞིས་སྒར་ཡོངས་སུ་ཁྱོན་བསྡོམས་ནད་པ་༣༠༥་ཡོད་ཅེས་གནས་ཚུལ་མཁོ་སྤྲོད་གནང་སོང་། ད་སྔ་བོད་པ་བཙན་བྱོལ་བ་གནས་ཡུལ་ཁག་ཏུ་སྨན་པ་དང་འབྲེལ་ཡོད་ལས་སྣེ་ཚོས་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་ཀྱི་ཡོད་ཀྱང་མ་འོངས་པར་གང་ཅིའི་གནས་སྟངས་ཛ་དྲག་ཆེ་རུ་འགྲོ་སྲིད་པའི་ཉེན་ཁ་དེར་བློ་འཚབ་བྱེད་ཀྱི་ཡོད་པར་མ་ཟད། ད་ལྟའི་བར་དུ་འཕྲོད་བསྟེན་ལས་ཁུངས་སུ་ཐོ་འགོད་བྱས་པར་གཞིགས་ན་རྒྱ་བལ་གཉིས་སུ་ནད་པ་༡༠༦༩་ཡོད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG