ངོ་འཕྲད་བདེ་བའི་དྲ་འབྲེལ།

གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ནད་འགོག་ལས་དོན་སྒྲུབ་བཞིན་པ།


༄༅།། རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཐེངས་གཉིས་པ་ཁྱབ་པའི་སྐབས་འདིར་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ནད་དུག་སྔོན་འགོག་དང་ནད་དུག་ཕོག་ཟིན་པ་རྣམས་ལ་རོགས་སྐྱོར། དེ་བཞིན་བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ས་གནས་གྲོང་སྡེ་ལྷན་ཁང་གཉིས་ཟུང་འབྲེལ་གྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འཁོར་དང་མེག་ལོར་ཁྲོམ་གཞུང་བཅས་སུ་དུག་སེལ་གྱི་ལས་འགུལ་སྤེལ་ནས་མང་ཚོགས་ལ་ཁ་རས་བགོ་འགྲེམ། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ཀྱིས་ནད་དུག་གི་དཀའ་ངལ་ཆེ་ཤོས་འཕྲད་ཡུལ་བོད་པ་གནས་སྔོད་ས་གནས་ཁག་ཏུ་གཞོན་ནུ་ལྷན་ཚོགས་ཀྱིས་ཕན་བདེའི་ལས་འགུལ་སྤེལ་ནས་ས་གནས་ཀྱི་རྒྱུན་ལས་མི་ཉུང་བ་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་སོང་ཞེས་བསྒྲགས།།

རྒྱ་གར་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཏོག་དབྱིབས་ནད་དུག་ཕོག་པའི་བོད་པ་ཚོའི་ཆེད་དུ་ནད་དུག་སྔོན་འགོག་གི་ཡོ་བྱད་ཁག་བོད་པ་ཚོར་རིན་མེད་དུ་བགོ་འགྲེམ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིན་འཛིན་ཆོས་སྒྲོན་ལ་དྲྭ་ལམ་དུ་བཅར་འདྲི་ཞུས་པར་ད་ལྟའི་ཆར་ཡོ་བྱད་་རྣམས་མངགས་ཉོ་བྱེད་འགོ་ཚུགས་ཟིན། གང་མགྱོགས་ས་གནས་ཁག་ལ་བགོ་འགྲེམ་བྱ་འཆར་ཡོད། ལྷག་པར་དུ་འཕྲོད་བསྟེན་གྱི་མཐུན་རྐྱེན་མེད་པའི་བོད་པ་གནས་ཡུལ་ས་གནས་ཁག་ཏུ་བགོ་འགྲེམ་བྱེད་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད་ཅེས་ལན་འདེབས་བྱས་སོང་།།

དེང་སྐབས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དམིགས་བསལ་གྱི་ནད་པ་ཚོར་འཚོ་རླུང་མ་འདང་བ་དང་སྨན་ཁང་ནང་དུ་ཉལ་ཁྲི་མ་རག་པའི་དཀའ་ངལ་འཕྲད་བཞིན་ཡོད་པས་ལྡི་ལིར་བསམ་གཡས་གླིང་བོད་མིའི་གཞི་སྒར་གྱི་རྩམ་པ་མགྲོན་ཁང་གིས་བོད་ཀྱི་འབྲས་ནད་ཚོགས་པར་མགྲོན་ཁང་རིན་མེད་དུ་གཡར་ནས་མགྲོན་ཁང་ཡོངས་རྫོགས་ནད་པར་ལྟ་སྐྱོང་བྱ་ཡུལ་དུ་བསྒྱུར། ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ནད་པ་ཚོར་བཟའ་བཏུང་གི་མཐུན་རྐྱེན་སྦྱོར་གྱི་ཡོད་ཅེས་ལྡི་ལི་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཕུར་བུ་སྒྲོན་མས་འགྲེལ་བརྗོད་གནང་སོང་། ཁོང་ལ་བཅར་འདྲི་ཞུ་བཞིན་པའི་སྐབས་སུ་གློ་བུར་དུ་ནད་པ་ཞིག་ཛ་དྲག་གི་གནས་སུ་ལྷུང་སྟེ་རོགས་སྐྱོབ་བྱ་དགོས་ཞེས་འབོད་མི་བསླེབས་པས་བཅར་འདྲི་འཕྲོ་ཅན་དུ་ལུས་པ་བཅས་ཀྱི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG