ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྡ་སའི་བོད་པ་༡༠༠་ལྷག་ལ་ནད་དུག་འགོས་པ་དང་མི་༢་ལ་འཆི་སྐྱོན་བྱུང་བ།


༄༅།། རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་ཀང་རའི་རྫོང་སྟེ། བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་ཏོག་དབྱི་ནད་དུག་འགོས་པའི་ནད་པ་ཆེས་མང་ཤོས་སུ་གྱུར་ཏེ་མི་༥༠༠༠་ལྷག་བྱུང་ཡོད་པ་དེའི་ཁོངས་སུ་བོད་པ་༡༠༠་ལྷག་ཡོད་ཅིང་། ཁ་སྔོན་རེས་གཟའ་སྤེན་པའི་ཉིན་ཏོག་དབྱིབས་ནད་དུག་གིས་བོད་པ་གཉིས་ལ་འཆི་སྐྱོན་བྱུང་འདུག ཕྱི་ཟླ་༥་ཚེས་༢་ཉིན་ཀང་ར་རྫོང་ཁོངས་སུ་ཏོག་དབྱིབས་ནད་དུག་ཕོག་མཁན་གྱི་ཐོ་གཞུང་དེར་ནོར་བུ་གླིང་གའི་ཉེ་འགྲམ་དུ་ཆགས་པའི་འཆི་མེད་དགའ་ཚལ་གླིང་དུ་དགེ་བདུན་པ་༡༨་ལ་ནད་དུག་འགོས་འདུག་ཅེས་བཀོད། ད་ལྟའི་ཆར་བདེ་ལེགས་སྨན་ཁང་གི་སྨན་པ་ཚོས་དགེ་འདུན་པ་དེ་དག་ལ་བརྟག་དཔྱད་བྱེད་བཞིན་ཡོད་པར་མ་ཟད། འཆི་མེད་དགའ་ཚལ་གྱི་མཁན་རིན་པོ་ཆེས་གང་ཅིའི་གནང་སྟངས་ཛ་དྲག་ཆེན་པོ་ཞིག་མེད་པ་དང་མཐུན་རྐྱེན་ལོགས་སུ་བསྐྲུན་ཡོད་ཅེས་གསུངས་འདུག

ཀང་ར་རྫོང་གི་རྫོང་དཔོན་གྱིས་རེས་གཟའ་པ་སངས་ཉིན་གསར་འགོད་གསལ་བསྒྲགས་སྤེལ་བ་དེའི་སྐབས་སུ་ཧི་མ་ཅལ་མངའ་སྡེར་རྒྱ་གར་གྱི་མངའ་སྡེ་གཞན་ཁག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཕྱིན་ཏེ་སྨན་ཁང་ཁག་ཏུ་འཚོ་རླུང་དང་ཉལ་ཁྲི་སོགས་འདང་ངེས་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པའི་དཀའ་ངལ་རྣམས་མེད་ཅེས་བསྒྲགས། རྒྱ་གར་དབུས་གཞུང་གིས་ཕྱི་ཟླ་༥་པའི་ཚེས་༡་ལོ་ན་༡༨་ཡན་ཆད་ལ་སོན་པ་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུའི་གསལ་བསྒྲགས་སྤེལ་རུང་ཀང་ར་རྫོང་ལ་སྨན་ཁབ་འབྱོར་མེད་པ་དང་སྨན་ཁབ་རྣམས་འབྱོར་མཚམས་སུ་བརྡ་ཐོ་འགྲེམ་འཆར་ཡོད་ཅེས་གསལ་བསྒྲགས་སྤེལ་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG