ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༩

སྲིད་སྐྱོང་གིས་བོད་པའི་གཞིས་ཆགས་ཁག་སྒོ་རྒྱ་བསྡམ་དགོས་པའི་བཀོད་ཁྱབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྲིད་སྐྱོང་གིས་བོད་པའི་གཞིས་ཆགས་ཁག་སྒོ་རྒྱ་བསྡམ་དགོས་པའི་བཀོད་ཁྱབ།

༄༅།། ཕྱི་ཟླ་༥་པའི་ཚེས་༦་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བརྙན་བརྒྱུད་ནས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་གསལ་བཤད་རྒྱང་སྲིང་ཞུས་པའི་སྐབས་སུ་སྲིད་སྐྱོང་བློ་བཟང་སེངྒེས་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཆེ་རུ་འགྲོ་བཞིན་པའི་སྟབས་ཀྱིས་བོད་པ་གནས་སྡོད་ས་ཁུལ་ཁག་ཏུའང་ནད་པ་ཇེ་མང་དུ་འགྲོ་བཞིན་འདུག བཀའ་ཤག་གིས་འབྲེལ་ཡོད་ཚོར་གྲོས་སྡུར་བྱས་ཏེ་བོད་མིའི་སྤྱི་ཚོགས་སུ་ནད་ཡམས་ཁྱབ་གདལ་འགོག་ཐབས་སུ་ཕྱི་ཚེས་༩་སྟེ། རེས་གཟའ་ཟླ་བ་ནས་བདུན་ཕྲག་གཅིག་རིང་ལ་བོད་མིའི་གཞིས་སྒར་ཡོངས་རྫོགས་སྒོ་རྒྱ་བསྡམ་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས་བསྒྲགས།།

སྲིད་སྐྱོང་གིས་འབྲེལ་ཡོད་སྨན་པ་ཚོ་དང་ཚོགས་ཆུང་གི་ཚོགས་མི། དེ་བཞིན་ས་གནས་ཆེ་ཁག་གི་འགོ་འཛིན་བཅས་ལ་གྲོས་སྡུར་གྱིས་གནས་སྐབས་སུ་ནད་ཡམས་འགོག་རྒྱུའི་ཐབས་ལམ་འབའ་ཞིག་ཡོད་པ་ནི་སྔོན་འགོག་སྨན་ཁབ་རྒྱག་རྒྱུ་དེ་ཡིན་རུང་རྒྱ་གར་ལ་སྨན་ཁབ་འདང་ངེས་མེད་ཅིང་། སྨན་ཁབ་བཟོ་སྦྱོར་ཁང་གིས་རིམ་བཞིན་དབུས་གཞུང་དང་མངའ་སྡེ་ཁག སྒེར་པ་བཅས་ལ་སྨན་ཁབ་ཚོང་འགྲེམ་བྱེད་པའི་དུས་སུ་ཚང་མས་སྨན་ཁབ་རག་ཐབས་བྱ་དགོས་པ་དང་སྨན་ཡོན་བོད་མིའི་སྒྲིག་འཛུགས་ཀྱིས་གཏོང་རྒྱུ་ཡིན། ཛ་དྲག་གི་དུས་སྐབས་འདིར་འཛིན་སྐྱོང་བཀའ་ཤག་གི་མ་དངུལ་ནས་སླར་ཡང་ཧིན་སྒོར་བྱེ་བ་གཅིག་ཏོག་དབྱིབས་ནད་དུག་སྔོན་འགོག་དང་སྨན་བཅོས་འགྲོ་གྲོན་གཏང་རྒྱུའི་ཐག་གཅོད་བྱས་ཟིན། དགའ་ལྡན་ཕོ་བྲང་དང་སྐུ་ཚབ་དོན་གཅོད་ཁག་གིས་སྨན་དང་འཚོ་རླུང་གྲ་སྒྲིག་ཆེད་དུ་རོགས་དངུལ་གནང་སོན་བྱུང་སོང་། གཞིས་སྒར་ཁག་གི་སྨན་ཁང་ཁག་ལ་འཚོ་རླུང་དང་སྨན་སོགས་ཅི་ཞིག་ཉོ་དགོས་ཀྱང་འགྲོ་གྲོན་ཆ་ཚང་འཛིན་སྐྱོང་བཀའ་ཤག་གིས་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་སོང་།།

སྲིད་སྐྱོང་བློ་བཟང་སེངྒེས་འདས་པའི་ལོ་གཅིག་དང་ཟླ་བ་གསུམ་ཡས་མས་ཤིག་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་གིས་དཀའ་ངལ་ལ་གདོང་ལེན་ཐུབ་པ་ནི་གཙོ་བོ་མདུན་སྐྱོད་སྨན་པ་དང་སྨན་ཞབས་པ་སོགས་ཀྱིས་རང་ཉིད་བློས་གཏོང་བྱས་ནས་ནད་ཡམས་སྔོན་འགོག་བྱས་པའི་སྐུ་དྲིན་ལ་བརྟེན་ནས་བྱུང་ཞིང་། ཁོང་རྣམས་ཀྱི་མཛད་རྗེས་ལ་ཡི་རང་ཞུས་པ་དང་ཆབས་ཅིག ད་དུང་མུ་མཐུད་དུ་ནུས་པ་གང་ཐུབ་འདོན་དགོས་པའི་འབོད་སྐུལ་ཞུས། ནད་ཡམས་ལ་གདོང་ལེན་བྱ་རྒྱུའི་ཐབས་ཤེས་གསུམ་པ་ནི་བོད་པ་མི་རེ་ངོ་རེས་ནད་ཡམས་སྔོན་འགོག་གི་ལམ་སྟོན་རྣམས་བརྩི་སྲུང་བྱ་དགོས་པར་མ་ཟད། སྤྱི་སྒེར་ཚང་མས་ནད་ཡམས་སྔོན་འགོག་གི་ནུས་པ་མཉམ་སྤུངས་བྱ་དགོས་པར་ཚང་མས་འབད་འབུངས་བྱ་དགོས་ཞེས་ནན་བརྗོད་གནང་སོང་། དེང་སྐབས་རྒྱ་གར་ལ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་འབུམ་༤་ཡས་མས་རེ་འཐོན་བཞིན་ཡོད་པ་དང་རྒྱ་གར་དང་བལ་ཡུལ་གཉིས་སུ་བོད་པ་༡༠༠༠་ལྷག་ལ་ནད་དུག་འགོས་ཟིན་ཡོད་པ་སོགས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG