ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་ནད་དུག་འགོས་པའི་མི་༢༡༣་ཐོན།


༄༅།། ༢༠༢༢་ལོའི་ཕྱི་ཟླ་དང་པོའི་ཚེས་༧་ནས་ཉིན་༡༠་ཙམ་གྱི་རིང་དུ་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་ཆགས་ཁག་ཏུ་ཏོག་དབྱིབས་ནད་རླབས་གསུམ་པ་འཕྱུར་ཏེ་ཉིན་རེ་བཞིན་ནད་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག ཁ་སང་ཕྱི་ཚེས་༡༧་བར་དུ་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་ཁྱོན་བསྡོམས་ནད་པ་༢༡༣་བྱུང་ཞིང་། དེ་དག་གི་གྲས་ཀྱི་ནད་པའི་གྲངས་འབོར་མང་ཤོས་ནི་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་ཡོད་པ་དང་གཞིས་ཆགས་དེར་ཟླ་བ་གཉིས་ཙམ་གྱི་རིང་དུ་ནད་པ་གཅིག་ཀྱང་མ་ཐོན། ཉེ་ཆར་ཕྱི་ཟླ་དང་པོའི་ཕྱི་ཚེས་༧་ཉིན་ཕྱི་ལོགས་ནས་ཡོང་བའི་གྲྭ་པ་དང་ཚོང་པ། སློབ་ཕྲུག་སོགས་བརྒྱུད་ནས་ལོ་༡་ནས་ལོ་༩༠་གོ་གྲངས་སུ་སོན་པའི་མི་༡༡༧་ལ་ནད་དུག་འགོས་འདུག་ཅེས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ཀྱི་ས་གནས་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་མིག་དམར་ཚེ་རིང་གིས་འགྲེལ་བརྗོད་གནང་འདུག ནད་པ་དེ་དག་གྲས་སུ་འཚོ་རླུང་གཏོང་དགོས་པའི་ཛ་དྲག་ཅན་མེད་ཀྱང་ས་གནས་རྫོང་གི་གྲོང་སྡེའི་སྨན་ཁང་དུ་ལོ་ན་༩༠་བརྒལ་བའི་ནད་པ་༦་བསྐྱལ་འདུག

ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་སུའང་ཟླ་བ་གཉིས་ལྷག་གི་རིང་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་མ་ཐོན། ཕྱི་ཟླ་དང་པོའི་ཚེས་༧་ཉིན་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཐོན་ཏེ་ཁ་སང་ཕྱི་ཚེས་༡༧་བར་དུ་ལོ་༡་ནས་ལོ་༨༠་བར་དུ་སོན་པའི་མི་༤༠་ཐམ་པར་ནད་དུག་འགོས། ད་ལྟ་ནད་པ་ཚང་མ་ཟུར་འགོག་འོག་བཞག་སྟེ་ཛ་དྲག་ཅན་དེ་འདྲ་ནི་མི་འདུག་ཅེས་ས་གནས་ཏོག་དབྱིབས་ནད་ཡམས་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་མི་སྨན་པ་མཁས་མཆོག་གིས་འགྲེལ་བརྗོད་བྱས་འདུག མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་གིས་ཕྱི་ཟླ་དང་པོའི་ཚེས་༧་ཡས་མས་ནས་ནད་པ་གསར་པ་༡༧་ཐོན་སོང་། ཛ་དྲག་ཅན་དེ་འདྲ་ནི་མེད་པ་དང་ནད་ཡམས་ཚབས་ཆེ་རུ་ཕྱིན་ན་སྔོན་འགོག་གི་གྲ་སྒྲིག་ཨང་གསར་ཡིན། མི་གྲངས་༣༠༠་ཙམ་ལ་ཟུར་འགོག་ཁང་དང་སྨན་བཅོས་ཀྱི་མཐུན་རྐྱེན་གྲ་སྒྲིག་བྱེད་ཡོད་ཅེས་བཤད།།

སྦེལ་ཀོབ་གཞིས་ཆགས་གཉིས་ལའང་ཕྱི་ཟླ་དང་པོའི་ཚེས་༧་ནས་ཕྱི་ཚེས་༡༧་བར་དུ་ནད་པ་གསར་པ་༣༩་ཐོན་ཡོད་པར་མ་ཟད། སྦེལ་ཀོབ་འཚོ་བྱེད་སྨན ཁང་གི་སྨན་པ་བཀྲ་ཤིས་དང་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་གཉིས་ལའང་ནད་དུག་འགོས། ས་གནས་འགོ་འཛིན་ལས་ཁུངས་ཀྱིས་འགོ་ཁྲིད་པའི་ཏོག་དབྱིབས་ནད་ཡམས་ཛ་དྲག་ལས་དོན་ཚོགས་ཆུང་གིས་མང་ཚོགས་ལ་ཁ་རས་བགོ་འགྲེམ་དང་ནད་ཡམས་སྔོན་འགོག སེམས་ཁམས་འཕྲོད་བསྟེན་སོགས་ཀྱི་ལམ་སྟོན་སློབ་གསོ་བྱེད་བཞིན་ཡོད་ཅེས་བདེ་སྐྱིད་སླར་གསོའི་གཞིས་འགོ་འཆི་མེད་ཀྱིས་འགྲེལ་བརྗོད་བྱས་ཤིང་། ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་སླར་ཡང་ནད་ཡམས་ཁྱབ་འགོ་ཚུགས་པའི་རྒྱུ་རྐྱེན་གཙོ་བོ་ནི་གཞིས་ཆགས་སུ་ལག་ཡོང་མཁན་བོད་པ་སུད་ཚོང་བ་དང་སློབ་ཕྲུག་བཅས་བརྒྱུད་ནས་བགོ་ཡི་ཡོད་ཅིང་། རྟག་ཏུ་ཕྱི་ནས་ལོག་ཡོང་མཁན་ཚོ་གཞིས་ཆགས་སུ་མ་བསླེབས་སྔོན་གྱི་ཆུ་ཚོད་༧༢་ཀྱི་ནང་ཚུད་དུ་ནད་རྟགས་ཡོད་མེད་བརྟག་དཔྱད་བྱས་པའི་དཔང་ཡིག་ལེན་དགོས། ཁོ་ཚོ་གཞིས་ཆགས་སུ་འབྱོར་བའི་རྗེས་སུ་ཉིན་༧་ལ་ཟུར་འགོག་འོག་ཏུ་འཇོག་རྒྱུ། དེ་ནས་སླར་ཡང་མི་དེར་ནད་རྟགས་ཡོད་མེད་བརྟག་དཔྱད་བྱེད་ཀྱི་ཡོད་པ་རེད་ཅེས་ས་གནས་ཁག་ཚང་མས་མགྲིན་དབྱངས་གཅིག་གྱུར་དུ་བཀྲལ་འདུག་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG