ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་ཏོག་དབྱིབས་ནད་དུག་གི་རྐྱེན་པས་མི་༡༠༡༨་ཤི།


༄༅།། གཟའ་མིག་དམར་ཉིན་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཁ་སྔོན་ཕྱི་ཟླ་༡༢་པ་ནས་ཝུ་ཧན་གྲོང་ཁྱེར་ལ་གློ་ཚད་རིམས་ནད་ཅིག་ཁྱབ་གདལ་ཕྱིན་ནས་ད་ལྟའི་བར་དུ་མི་ལ་འཆི་སྐྱོན་ཕོག་པའི་གྲངས་འབོར་༡༠༡༨་དང་ནད་པའི་གྲངས་འབོར་མི་༤༢༦༣༨་ཟིན་ཡོད། འཆི་སྐྱོན་བྱུང་བ་དེ་དག་གི་གྲས་ཀྱི་མི་༥་རྒྱ་ནག་གི་ཞིང་ཆེན་གཞན་གྱི་མི་ཡིན་པ་དང་གཞན་ཚང་མ་ཧུ་པེ་ཞིང་ཆེན་གྱི་མི་ཡིན། ཉི་མ་གཅིག་གི་རིང་ལ་མི་༡༠༨་ཤི་བ་དང་ནད་པ་གསར་པ་༢༤༧༨་ཐོན་སོང་། ཏོག་དབྱིབས་རིམས་ནད་འགོས་ཁྱབ་འགྲོ་ས་བརྒྱ་ཆ་༨༣་ནི་ཁྱིམ་ཚང་ཁག་གི་བཟའ་མི་ཚོས་ཕན་ཚུན་བགོ་བཞིན་ཡོད་པ་དང་ནད་པ་བརྒྱ་༡༧་ཙམ་ལ་སྨན་ཁང་དང་སློབ་གྲྭ། ཚོང་ཁང་ཆེན་པོ་སོགས་མི་ཚོགས་འདུ་ས་ཁག་ཏུ་འགོ་ཡི་འདུག ནད་པ་བརྒྱ་ཆ་༨༦་ཙམ་ཧུ་པེ་ཞིང་ཆེན་ལ་འགྲིམ་འགྲུལ་བྱས་པའམ། ཡང་ན་ཝུ་ཧན་སོགས་ཧུ་པེ་ཞིང་ཆེན་གྱི་ས་གནས་ཁག་ཏུ་བསྡད་མྱོང་ཡོད་པ་དེ་དག་ལ་ཏོག་དབྱིབས་ནད་དུག་འགོས་ཤིང་། མི་དེ་ཚོ་རང་ཁྱིམ་ལ་ཕྱིར་ལོག་བྱས་ནས་བཟའ་ཟླ་བུ་ཕྲུག་དང་ཉེ་འབྲེལ་སོགས་ལ་ནད་དུག་བགོས། ད་དུང་ཁོ་ཚོས་སྐྱེ་བོ་གཞན་གྱི་མཉམ་དུ་བཟའ་བཏུང་ལ་རོལ་ནས་ནད་དུག་འགོས་ཁྱབ་ཀྱང་འབྱུང་གི་འདུག ད་ལྟ་ཕྱོགས་ཡོངས་ལ་ནད་དུག་འདི་ཁྱབ་ཐུབ་ཀྱི་མེད་པར་བལྟས་ན་ང་ཚོས་འགྲིམ་འགྲུལ་དང་སྐྱེལ་འདྲེན། མི་ཚོགས་འདུ་འཛོམས་བྱེད་མི་ཆོག་པའི་བཀག་སྡོམ་བྱས་ནས་རིམས་ནད་འདི་ཁྱབ་གདལ་འགྲོ་རུ་འཇུག་གི་མེད་པར་ནུས་པ་ཐོན་གྱི་ཡོད་པའི་རྟགས་མཚན་རེད་ཅེས་རྒྱ་ནག་གི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ཁང་གི་ཚན་རིག་པ་ཝུ་ཙུན་ཡུག་གིས་བཤད་འདུག

འདི་ཙམ་ན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་མཁས་པའི་རུ་ཁག་ཅིག་རྒྱ་ནག་ལ་འབྱོར། རྒྱལ་སྤྱིའི་སྒྲིག་འཛུགས་དེའི་སྤྱི་ཁྱབ་འགན་འཛིན་གྱིས་འཛམ་གླིང་གི་སྨན་པ་མཁས་པའི་རུ་ཁག་ཆེན་པོ་ཞིག་གང་མགྱོགས་རྒྱ་ནག་ལ་གཏོང་གི་ཡོད། ང་ཚོ་སྔོན་ལ་གྲ་སྒྲིག་བྱེད་དུ་ཡོང་བ་ཡིན་ཞེས་བཤད། འཛམ་གླིང་གི་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་ནག་ལ་བཏང་བའི་སྔོན་སྐྱོད་རུ་ཁག་གི་སྣེ་ཁྲིད་པ་སྨན་པ་བྷུ་རུ་སི་ཨ་དབྱིལ་ཝར་ཌི་ཡིན། ཁོང་ལ་ལོ་ཤས་གོང་དུ་ཨ་ཧྥི་རི་ཀ་ནས་ཁྱབ་པའི་ཨེ་བྷོ་ལ་ནད་ཡམས་ལ་སྨན་ཁབ་གསར་བཟོ་དང་འགོས་ནད་བཀག་སྡོམ་གྱི་ཉམས་མྱོང་ཆེན་པོ་ཡོད། ཐོག་མ་ནས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཝུ་ཧན་ནས་ཁྱབ་པའི་ཏོག་དབྱིབས་རིམས་ནད་རྒྱལ་སྤྱིའི་འཕྲོད་བསྟེན་དང་བདེ་ཐང་ལ་ཉེན་ཚབས་ཆེན་པོ་ཞིག་རེད་ཅེས་ཁྱབ་བསྒྲགས་མ་བྱས་པར་རྒྱ་ནག་གཞུང་གིས་ནད་ཡམས་སྔོན་འགོག་ནུས་པ་ཐོན་པ་ཞིག་བྱེད་ཀྱི་འདུག་ཅེས་བསྔགས་བརྗོད་བྱས་པར་རྒྱ་ནག་ཕྱི་ནང་གཉིས་སུ་ཁ་རྡུང་དྲག་པོ་གཏོང་གི་ཡོད་ཅིང་། གཟའ་མིག་དམར་དང་ལྷག་པ་གཉིས་ལ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཇཱི་ཎི་ཝྭར་ཛ་དྲག་གི་ཚོགས་འདུ་བསྐོངས་ནས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཅིག་གསར་བཟོ་བྱ་དགོས་པའི་གྲོས་བསྡུར་བྱ་རྒྱུ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་མཐོ་རིམ་ལས་སྣེ་ཚོས་ཏོག་དབྱིབས་ནད་དུག་འགོས་ཁྱབ་བྱུང་བའི་ནད་པ་བརྒྱ་ཆ་༩༩་རྒྱ་ནག་ཏུ་ཡོད་ཀྱང་འགོས་ནད་དེ་འཛམ་གླིང་ཁྱོན་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ལ་ཉེན་ཀ་ཆེན་པོ་ཞིག་རེད། ད་ཐེངས་ཀྱི་གྲོས་བསྡུར་རྗེས་སུ་སྨན་ཁབ་གསར་པ་ཞིག་བཟོ་ཐུབ་པའི་རེ་བ་ཡོད་ཅེས་གསལ་བསྒྲགས་སྤེལ།

རྒྱ་ནག་གི་ཕྱི་ལོགས་སུ་ཉི་ཧོང་གི་ཡོ་ཁཱོ་ཧ་མ་མཚོ་ཁར་རྒྱལ་སྤྱིའི་སྤྲོ་འཆམ་པའི་གྲུ་གཟིངས་ཤིག་འགག་ཡོད་པ་དེའི་ནང་དུ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པ་སྟེ། ད་ལྟ་གྲུ་གཟིངས་དེར་ཡུལ་སྐོར་སྤྲོ་འཆམ་པ་དང་གྲུ་གཟིངས་ནང་གི་ལས་བྱེད་པ་བཅས་མི་ཁྱོན་བསྡོམས་མི་༣༧༠༠་ཡོད་པ་དེའི་གྲས་སུ་མི་༡༣༥་ལ་ཏོག་དབྱིབས་ནད་དུག་ཕོག་ནས་ཉི་ཧོང་གི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་ཀྱི་ཡོད་ཀྱང་འགྲུལ་པ་དང་གྲུ་གཟིངས་ནང་གི་ལས་བྱེད་པ་ཚོས་ང་ཚོར་གྲུ་གཟིངས་བདག་པོའི་བཟོ་ཚོང་ཁང་གིས་ལྟ་རྟོག་ཡག་པོ་བྱེད་ཀྱི་མི་འདུག རྒྱ་གར་གཞུང་གིས་ང་ཚོ་ཉེན་སྐྱོབ་བྱ་དགོས་ཞེས་བྷི་ནེ་ཀུ་མར་སར་ཀར་ཞེས་པ་ཞིག་གིས་རྒྱ་གར་གྱི་སྲིད་བློན་མོ་དྷི་ལ་འབོད་སྐུལ་ཞུས། གྲུ་གཟིངས་དེར་རྒྱ་གར་བ་ལས་བྱེད་པ་༡༦༠་དང་རྒྱ་གར་བ་ཡུལ་སྐོར་སྤྲོ་འཆམ་པ་༨་ཡོད་པས་བྷི་ནེ་ཀུ་མར་སར་ཀར་གྱིས་ད་ལྟའི་དུས་སྐབས་འདིར་ང་ཚོར་འཇིགས་སྣང་ཆེན་པོ་འདུག ང་ཚོ་ནད་པ་ཚོར་འབྲེལ་བ་མེད་པར་ལོགས་སུ་བཀར་ནས་འཇོག་དགོས། ངའི་ལས་རོགས་ཚོའི་གྲས་སུ་མི་གཅིག་ལའང་ཏོག་དབྱིབས་ནད་དུག་འགོས་མེད། ད་སྔ་ང་ཚོའི་མི་བརྒྱ་ཆ་༩༠་ལྷག་བདེ་ཐང་ཡིན། གྲུ་གཟིངས་ནང་དུ་ཚ་དྲོད་༩༩་དང་ཕྱེད་ཀ་ལྷག་མ་བརྒལ་བ་ཚོར་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་ཀྱི་མི་འདུག ང་ཚོ་མྱུར་སྐྱོབ་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་པའི་གནས་ཚུལ་ཐོན། བདུན་ཕྲག་སྔོན་མར་ཧོང་ཀོང་དང་ཐེ་ལན་ཌི། ཨ་མི་རི་ཀ་བཅས་ཀྱིས་ཀྱང་འགྲུལ་སྐྱེལ་སྤྲོ་འཆམ་གྲུ་གཟིངས་གསུམ་ཟུར་དུ་བཀག་ནས་འགྲུལ་པ་ཚོ་ཕྱི་ལ་ཐོན་མ་ཐུབ་པར་འགགས། ཁ་སང་གཟའ་ཟླ་བ་ནས་ཧོང་ཀོང་གི་གྲུ་ཁར་བཀག་ཡོད་པའི་འགྲུལ་སྐྱེལ་སྤྲོ་འཆམ་གྲུ་གཟིངས་དེའི་འགྲུལ་པ་ཚོ་ལས་ནད་རྟགས་མ་ཐོན་པ་རྣམས་ཕྱི་ལ་ཐོན་དུ་བཅུག་འདུག

ཕྱི་ཟླ་༢་པའི་ཚེས་༡༡་གི་སྔ་དྲོར་ཧོང་ཀོང་གི་འཕྲོད་བསྟེན་ལས་སྣེ་ཚོས་ཐོག་བརྩེགས་༣༥་ཅན་གྱི་ཁང་ཐོག་ཆེན་པོ་ཞིག་ཏུ་བསྡད་ཡོད་པའི་མི་རྣམས་ཉེན་བྱོལ་དུ་བླངས། ཁང་ཆེན་དེའི་གསང་སྤྱོད་ཀྱི་ལྕགས་སྦུག་ནང་ནས་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པའི་འཇིགས་སྣང་བྱུང་། ཁང་ཆེན་དེའི་ཐོག་བརྩེགས་མ་འདྲ་བ་གཉིས་ཀྱི་ནང་དུ་བསྡད་ཡོད་པའི་མི་གཉིས་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ཤེས་རྟོགས་བྱུང་བས་ཁང་ཆེན་དེའི་ཕྱོགས་གཅིག་གི་མི་རྣམས་ཉེན་བྱོལ་དུ་བླངས་ནས་གསང་སྤྱོད་ཀྱི་ལྕགས་སྦུག་བརྒྱུད་ནས་འགོས་ནད་ཁྱབ་ཀྱི་ཡོད་མེད་བརྟག་དཔྱད་བྱེད་འགོ་ཚུགས། ཧོང་ཀོང་གི་འཕྲོད་བསྟེན་ལས་སྣེ་ཚོས་ཁང་ཆེན་དེའི་གསང་སྤྱོད་ཀྱི་ལྕགས་སྦུག་རྣམས་ལེགས་པར་མ་བཙུགས་པར་ཚ་གློག་དང་གྲང་གློག་གི་ལྕགས་སྦུག་ལ་འདྲེས། ཚ་གློག་དང་གྲང་གློག་གི་ལྕགས་སྦུག་བརྒྱུད་ནས་མི་ལ་ཏོག་དབྱིབས་ནད་དུག་བགོ་སྲིད་པའི་དོགས་པ་བྱེད་ཀྱི་ཡོད་པར་མ་ཟད། ༢༠༠༣་ལོར་རྒྱ་ནག་ལ་སཱར་སི་ཞེས་པའི་གློ་ཚད་ཀྱི་ནད་ཡམས་ཤིག་ཁྱབ་གདལ་ཕྱིན་པའི་སྐབས་སུའང་ཧོང་ཀོང་གི་ཁང་པ་ཁག་ཅིག་གི་གསང་སྤྱོད་ཀྱི་ལྕགས་སྦུག་རྣམས་ཚ་གློག་དང་གྲང་གློག་གི་ལྕགས་སྦུག་ལ་འདྲེས་ནས་མི་ལ་གློ་ཚད་བགོས་མྱོང་། ཧོང་ཀོང་གི་སྨན་ཁང་ཁག་གི་སྨན་པ་དང་སྨན་ཞབས་པ་ཚོས་རྒྱ་ནག་ལ་ས་མཚམས་འགོག་དགོས་ཞེས་ངོ་རྒོལ་བྱས་པའི་རྗེས་སུ་ས་གནས་དེའི་གཞུང་གིས་རྒྱ་ནག་ལ་ས་མཚམས་ཕལ་ཆེ་བ་སྒོ་བརྒྱབ་སྟེ་རྒྱ་ནག་སྐམ་ས་ཆེན་མོ་ནས་འགྲུལ་པ་དང་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཡོང་དུ་འཇུག་གི་མེད་ཅིང་། ད་སྔ་ཧོང་ཀོང་དམིགས་བསལ་ས་ཁུལ་གཅིག་པུར་རྒྱ་ནག་གི་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པ་༤༢་ཡོད་པ་དང་མི་༡༠་ཐམ་པ་ཁྱིམ་ཚང་གཅིག་གི་བཟའ་མི་ཉེ་འབྲེལ་རྣམས་ཡིན་འདུག

ཝུ་ཧན་གྲོང་ཁྱེར་ནས་རྒྱ་ནག་གི་ས་གནས་ཁག་ལ་གློ་ཚད་རིམས་ནད་ཅིག་ཁྱབ་པའི་རྗེས་སུ་རྒྱ་ནག་གི་ཚོང་ལས་དང་དཔལ་འབྱོར་ལ་གྱོང་གུད་ཆེན་པོ་ཞིག་འཕོག་གི་ཡོད་པ་བརྗོད་ཅི་དགོས། ཐ་ན་ཟས་སོང་སོགས་ཀྱི་རིན་གོང་འཕར་ནས་རྒྱ་ནག་མི་དམངས་ལ་འཚོ་བའི་དཀའ་ངལ་འཕྲད་ཀྱི་ཡོད་པ་སྟེ། རྒྱ་ནག་གི་ཁྲོམ་རའི་ནང་དུ་སྔོ་ཚད་ཀྱི་རིན་གོང་བརྒྱ་ཆ་༡༧་འཕར། སྔ་ལོ་དང་བསྡུར་ན་ཕག་ཤའི་རིན་གོང་བརྒྱ་ཆ་༡༡༦་འཕར། འཕྲོད་བསྟེན་གྱི་ཅ་དངོས་རིན་གོང་བརྒྱ་ཆ་༢་དང་གྲངས་ཆུང་གསུམ་༣་འཕར། གྱོན་གོས་ཀྱི་རིན་གོང་བརྒྱ་ཆའི་༦་འཕར། འོན་ཀྱང་གཟའ་ཟླ་བའི་ཉིན་ཞིས་ཅིན་ཕིང་གིས་གློ་ཚད་ནད་ཡམས་འདིར་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་དོ་ཕོག་འགྲོ་རུ་མི་འཇུག་པ་དང་མི་མང་ཕོན་ཆེན་ཞིག་ལས་ཤོར་པར་འགྱུར་དུ་མི་འཇུག་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན། རྒྱ་ནག་གི་དཔལ་འབྱོར་རྨང་གཞི་བརྟན་པོ་ཡོད། ཏོག་དབྱིབས་ནད་ཡམས་ཀྱིས་རྒྱ་ནག་གི་དཔལ་འབྱོར་ལ་ཡུན་རིང་གི་ཤུགས་རྐྱེན་ངན་པ་ཐེབས་མི་སྲིད། རྒྱ་ནག་གཞུང་གིས་ཡུལ་དེའི་བཟོ་ཚོང་ལས་ཁང་གིས་སླར་ཡང་ཚོང་ལས་གཉེར་ཐུབ་པའི་རོགས་སྐྱོར་དང་གྱོང་གུད་ཚབས་ཆེན་ཕོག་པའི་བཟོ་ཚོང་ལས་ཁང་ཁག་ལ་གཞུང་གིས་མ་རྩ་རོགས་རམ་སྤྲོད་ཆོག་ཅེས་པེ་ཅིང་གི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ཁང་ལ་གཟིགས་ཞིབ་ཏུ་བསྐྱོད་པའི་སྐབས་སུ་གསར་འགོད་པར་བཤད། ཡིན་ནའང་རྒྱ་ནག་གི་དཔྱིད་གསར་དུས་ཆེན་གྱི་གུང་སེང་གཞུག་ཏུའང་རྒྱ་ནག་གི་ཧྲང་ཧེ་དང་པེ་ཅིང་སོགས་གྲོང་ཁྱེར་ཆེ་ཁག་གི་བཟོ་ཚོང་ལས་ཁང་ཁག་དང་ཚོང་ཁང་སོགས་སྒོ་འབྱེད་ཕོད་ཀྱི་མེད་ཅིང་། དཔེར་ན་སྤྱི་སྒེར་གཉིས་ཀྱི་བཟོ་ཚོང་ལས་ཁང་ཁག་དང་ཚོང་ལས་ཁག་གི་ལས་བྱེད་པ་ས་ཡ་མང་པོ་རང་ཁྱིམ་དུ་འཛུལ་ནས་དྲྭ་ལམ་དུ་བྱ་བ་ལས་རྒྱུ། རྒྱ་ནག་གི་ས་གནས་ཁག་ཅིག་གི་འགོ་ཁྲིད་ཚོས་གཞུང་གི་ཆོག་མཆན་མེད་པར་སྒེར་གྱི་ཚོང་ཁང་དང་ཟ་ཁང་། ཚོང་ལས་སོགས་བསྐྱར་དུ་སྒོ་འབྱེད་མི་ཆོག་ཅེས་བཀའ་བསྒྲགས། ད་སྔ་རྒྱ་ནག་གཞུང་གིས་གྲོང་ཁྱེར་༨༠་ལྷག་གི་འགྲིམ་འགྲུལ་དང་སྐྱེལ་འདྲེན། མི་ཚོགས་འདུ་འཛོམས་སོགས་ཀྱི་བྱེད་སྒོ་ཁག་སྤེལ་མི་ཆོག་ཅེས་ཡོངས་སུ་བཀག་ཡོད་པ་རེད།

XS
SM
MD
LG