ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གི་ཏོག་དབྱིབས་ནད་དུག་ཕོག་ནས་མི་༥༦༣་ཤི།


༄༅།། ཁ་སང་གཟའ་ལྷག་པའི་དགོང་མོར་རྒྱ་ནག་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་གློ་ཚད་ནད་དུག་ཕོག་ནས་ད་ལྟའི་བར་དུ་མི་༥༦༣་ལ་འཆི་སྐྱོན་བྱུང་བ་དང་གློ་ཚད་རིམས་ནད་འགོས་ཡོད་པའི་ནད་པ་༢༨༠༡༨་ཡོད་པ་དང་། ནད་པ་དེ་དག་གི་གྲས་སུ་ཕྱི་རྒྱལ་བ་༡༩་ཡོད་པ་དེ་ཚོར་རྒྱ་ནག་གཞུང་གིས་སྨན་བཅོས་བྱས་ནས་མི་གཉིས་དྲག་སྐྱེད་བྱུང་ཡོད། མི་༡༧་ལ་སྨན་བཅོས་མུ་མཐུད་དུ་བྱེད་བཞིན་ཡོད། རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དང་ཧུ་པེ་ཞིང་ཆེན་དུ་ལུས་ཡོད་པའི་ཕྱི་རྒྱལ་བ་ཚོར་ལྟ་སྐྱོང་གང་ལེགས་བྱ་དགོས་ཞེས་འབྲེལ་ཡོད་རྒྱལ་ཁབ་ཁག་གིས་དགོས་འདུན་བཏོན་པར་རྒྱ་ནག་གིས་དོ་ཁུར་ཆེན་པོ་ལེན་གྱི་ཡོད་ཅེས་བསྒྲགས། ཡིན་ནའང་རྒྱ་ནག་ནང་ཁུལ་ནས་སྒེར་པ་ཚོས་གནས་ཚུལ་སྤེལ་བ་དང་ཉམས་ཞིབ་པ་ཚོས་ཚོད་དཔག་བྱས་པར་གཞིགས་ན་ཉུང་མཐར་ཡང་རྒྱ་ནག་གི་ཏོག་དབྱིབས་ནད་དུག་ཕོག་ནས་ཁྲི་ཚོ་གཉིས་ལྷག་ལ་འཆི་སྐྱོན་དང་མི་འབུམ་༡་དང་ཕྱེད་ཀ་ཙམ་ལ་འགོས་ནད་ཁྱབ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ད་སྔ་ཕན་ཆད་ལ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་གློ་ཚད་རིམས་ནད་འཛམ་གླིང་རྒྱལ་ཁབ་༢༧་ལ་ཁྱབ་ཟིན། དེར་བརྟེན་རྒྱ་ནག་གཅིག་པུ་མིན་པར་ཕྱི་རྒྱལ་བའི་གྲས་སུའང་ཏོག་དབྱིབས་ནད་དུག་གིས་ནད་མནར་འབྱུང་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད་པར་བརྟེན། ཨ་མི་རི་ཀ་དང་ཡུ་རོབ། ཨེ་ཤི་ཡ་སོགས་འཛམ་གླིང་རྒྱལ་ཁབ་མང་དག་ཅིག་གིས་རྒྱ་ནག་གི་སྤྱི་དམངས་རྣམས་རང་རང་གི་ས་ཐོག་ཏུ་རེ་ཞིག་ཡོང་མི་ཆོག ཉེ་ཆར་རྒྱ་ནག་ལ་འགྲིམ་འགྲུལ་བྱས་པའི་ཕྱི་རྒྱལ་བ་རྣམས་ཀྱང་འབྲེལ་ཡོད་རྒྱལ་ཁབ་ཁག་ལ་ཡོང་མི་ཆོག་ཅེས་བཀག འཛམ་གླིང་གི་མཁའ་ལམ་ལས་ཁང་ཕལ་མོ་ཆེས་རྒྱ་ནག་དང་ཧོང་ཀོང་སོགས་ལ་གནས་སྐབས་རིང་འགྲུལ་སྐྱེལ་གནམ་གྲུ་འཕུར་སྐྱོད་བྱ་རྒྱུ་མཚམས་བཞག་འདུག

ད་ལྟ་ཉི་ཧོང་གི་འཕྲོད་བསྟེན་ལྷང་ཁང་གིས་སྤྲོ་འཆམ་གྲུ་གཟིངས་ཤིག་ཡོ་ཁོ་ཧ་མ་གྲུ་ཁར་ཟུར་དུ་བཀག་ཡོད་པ་དེའི་ནང་དུ་ཝུ་ཧན་གྱི་གློ་ཚད་འགོས་ཡོད་པའི་ནད་པ་༡༠་གསར་དུ་རྙེད་སོང་། ཁྱོན་བསྡོམས་གྲུ་གཟིངས་དེར་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པ་༢༠་འདུག་ཅེས་བསྒྲགས། དབྱིན་ཇིའི་འཕྲོད་བསྟེན་ལས་ཁང་གིས་ཀྱང་རྒྱལ་ཁབ་དེར་ཝུ་ཧན་གྱི་གློ་ཚད་རིམས་ནད་འགོས་ཡོད་པའི་ནད་པ་གསུམ་འདུག ནད་པ་གསུམ་པ་དེར་གློ་ཚད་རིམས་ནད་དབྱིན་ཡུལ་དུ་འགོས་པ་ཞིག་མ་རེད། ཁོ་པ་སྨན་ཁང་ཞིག་ཏུ་ལོགས་སུ་བཀར་ནས་སྨན་བཅོས་བྱེད་བཞིན་ཡོད། དབྱིན་གཞུང་གིས་ཚབས་ཆེའི་འགོས་ནད་འདིར་སྔོན་འགོག་བྱ་རྒྱུའི་གྲ་སྒྲིག་ཆ་ཚང་བྱས་ཡོད། ང་ཚོས་ནད་རྟགས་ངོས་འཛིན་གྱི་ལས་དོན་མྱུར་སྒྲུབ་བྱེད་བཞིན་ཡོད་ཅེས་བཤད། མདང་དགོང་གཟའ་ལྷག་པའི་མཚན་མོར་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཝྭི་ཏེ་ནམ་ལ་ཏོག་དབྱིབས་ནད་དུག་ཕོག་པའི་ནད་པ་གཉིས་གསར་དུ་རྙེད་ཡོད་པ་དང་ཁྱོན་བསྡོམས་ཝྭི་ཏེ་ནམ་ལ་ཏོག་དབྱིབས་ནད་དུག་ཕོག་ཡོད་པའི་ནད་པ་༡༢་འདུག དེ་རིང་གཟའ་ཕུར་བུའི་ཉིན་ཧྥ་རན་སིའི་མཁའ་ལམ་ལས་ཁང་དང་ཌ་ཅིའི་ཁེ་ཨེལ་ཨེམ་མཁའ་ལམ་ལས་ཁང་གཉིས་ཀྱང་རྒྱ་ནག་ལ་འགྲུལ་སྐྱེལ་གནམ་གྲུ་འཕུར་རྒྱུ་ངང་འཐེན་བྱས་པའི་དུས་ཚོད་འཕར་འགྱངས་བྱས་ཡོད་པར་མ་ཟད། ཕྱི་ཟླ་༣་པའི་ཟླ་དཀྱིལ་བར་དུ་རྒྱ་ནག་ནས་ཧྥ་རན་སི་དང་ནེ་དྷར་ལན་ཌི་གཉིས་ལ་འགྲུལ་སྐྱེལ་གནམ་གྲུ་ཡོང་མི་ཆོག་པའི་བཀག་སྡོམ་འདུག ད་ནངས་སྔ་དྲོར་ཉི་ཧོང་གི་མཁའ་ལམ་ལས་ཁང་གཉིས་ཀས་རྒྱ་ནག་ལ་འཕུར་སྐྱོད་བྱེད་པའི་གནམ་གྲུ་ཉུང་དུ་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག

ཨ་མི་རི་ཀས་འཛམ་གླིང་འཕྲོད་བསྟེན་འཛུགས་ལ་རྒྱ་ནག་གི་གློ་ཚད་འགོས་ནད་ཁྱབ་གདལ་འགྲོ་བཞིན་པ་འགོག་ཐབས་སུ་ཐེ་ཝན་ལ་ཐད་ཀར་འབྲེལ་བ་བྱ་དགོས་པའི་ནན་སྐུལ་བྱས་པར་རྒྱ་ནག་གིས་ཨ་མི་རི་ཀར་ངོ་རྒོལ་བྱས་ཤིང་། ཇཱི་ཎི་ཝྭར་བཅའ་སྡོད་ཨ་མི་རི་ཀའི་རྒྱུན་བཞུགས་སྐུ་ཚབ་ཨན་ཌི་རིའུ་བྷེ་རིམ་བྷག་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཐེ་ཝན་མི་དམངས་ཀྱི་བདེ་ཐང་ལ་བསམ་བློ་བཏང་ནས་མཚོ་གླིང་དེར་ནད་མནར་དང་འཆི་སྐྱོན་སོགས་ཀྱི་གྲངས་ཐོ་རྣམས་མཁོ་སྤྲོད་བྱ་དགོས་ཞེས་ནན་བརྗོད་བྱས་པར་རྒྱ་ནག་གི་སྐུ་ཚབ་ཀྱིས་ངོ་རྒོལ་དྲག་པོ་བྱས་ཡོད་པ་སྟེ། ཐེ་ཝན་ནི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚོགས་འཐུས་ཤིག་མ་རེད། ཐེ་ཝན་རྒྱ་ནག་ལ་ངོ་ལོག་པའི་ཞིང་ཆེན་ཞིག་ཡིན་པ་དང་མཚོ་གླིང་དེ་རྒྱ་ནག་གི་མངའ་ཁོངས་སུ་འདུ་དགོས་ཞེས་ངོ་རྒོལ་བྱས། འོན་ཀྱང་ལོགས་སུ་ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་གཉིས་ཀས་ཐེ་ཝན་ལ་རྒྱ་ནག་གི་གློ་ཚད་འགོས་ནད་བྱུང་ཡོད་པའི་ནད་པ་ཅི་ཡོད་ཀྱི་གྲངས་འབོར་ལོག་པ་སྒྲོགས་ཀྱི་འདུག་ཅེས་སྐྱོན་བཙུགས། ཐེ་ཝན་གཞུང་གིས་གནས་སྐབས་རིང་རྒྱ་ནག་སྐམ་ས་ཆེན་མོ་ནས་འགྲུལ་པ་དང་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མི་ཆོག གྲུ་གཟིངས་ནང་དུ་སྤྲོ་གསེང་ལ་སྐོར་སྐྱོད་བྱེད་ཀྱི་ཡོད་པའི་རྒྱལ་སྤྱིའི་སྤྲོ་འཆམ་གྲུ་གཟིངས་རྣམས་ཀྱང་སྐབས་ཤིག་ལ་ཐེ་ཝན་གྱི་མཚོ་ཁར་ཡོང་མི་ཆོག ད་སྔ་ཐེ་ཝན་ལ་ཏོག་དབྱིབས་ནད་དུག་ཕོག་ཡོད་པའི་ནད་པ་༡༣་ཡོད་ཅེས་བསྒྲགས།

རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་འགོས་ནད་ཀྱིས་ཧྥི་ལི་ཕིན་གྱི་དཔལ་འབྱོར་ལ་གྱོང་གུད་ཆེན་པོ་ཞིག་འཕོག་སྲིད་པའི་འཇིགས་སྣང་གིས་ཧྥི་ལི་ཕིན་གྱི་དབུས་དངུལ་ཁང་གི་དངུལ་སྒོར་བསྐྱི་གཡར་གྱི་སྐྱེད་ཀ་བཅག ཉི་ཧོང་གི་ཎི་ཐན་དྷོ་ཕྲུ་གུའི་རྩེད་རིགས་བཟོ་ཚོང་ཁང་གིས་རྒྱ་ནག་གི་ནད་ཡམས་དེའི་རྐྱེན་གྱིས་ཎི་ཐན་དྷོ་རྩེད་རིགས་གསར་པ་དུས་ཐོག་ཏུ་འགྲེམ་སྤེལ་བྱ་ཐུབ་རྒྱུ་ཁག་པོ་རེད། བཟོ་ཚོང་ཁང་དེའི་ཕྲུ་གུའི་རྩེད་རིགས་ལ་མཁོ་བའི་ཅ་ལག་མང་པོ་ཞིག་དུས་ཐོག་ཏུ་བཟོ་སྐྲུན་དང་སྐྱེལ་འདྲེན་བྱ་ཐུབ་ས་མ་རེད་ཅེས་བཟོད་གསོལ་ཞུས་འདུག ཨོ་གླིང་རྒྱལ་ཁབ་ཀྱི་སྲིད་བློན་མོ་རི་སན་གྱིས་རྒྱ་ནག་གི་ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་འཛམ་གླིང་ཁྱོན་ཡོངས་ལ་དཔལ་འབྱོར་གྱི་གྱོང་གུད་ཆེན་པོ་ཞིག་འཕོག་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད། རྒྱ་ནག་ནི་ཨོ་གླིང་རྒྱལ་ཁབ་ཀྱི་ཚོང་གྲོགས་ཨང་དང་པོ་ཡིན། ང་ཚོས་རྒྱ་ནག་གི་གློ་ཚད་རིམས་ནད་དེས་དཔལ་འབྱོར་འཕེལ་རྒྱས་ལ་གནོད་སྐྱོན་འཕོག་གི་མ་རེད་ཅེས་ཅི་ཡང་མ་བྱུང་བའི་རྟུལ་ཞུགས་འཆང་དཀའ་ཞེས་བཤད། ཕྱི་ཟླ་༢་ཚེས་༦་ལ་ཨོ་གླིང་རྒྱལ་ཡོངས་སུ་རྒྱ་ནག་གི་གློ་ཚད་རིམས་ནད་འགོས་ཡོད་པའི་ནད་པ་༡༤་ཡོད་ཅེས་རྒྱལ་ཁབ་དེའི་འཕྲོད་བསྟེན་ལྷན་ཁང་གིས་བསྒྲགས་འདུག འཛམ་གླིང་གང་སར་དར་ཁྱབ་ཆེ་བའི་ཕི་ཛ་ཧར་ཊི་ཟས་ཚོང་ཁང་དང་ཁེ་ཨེབ་སི་བྱ་ཤ་བསྲེགས་མའི་ཟ་ཁང་གཉིས་ཀྱིས་རྒྱ་ནག་གི་ས་ཐོག་ཏུ་སྒོ་ཕྱེ་ཡོད་པའི་ཟ་ཁང་བརྒྱ་ཆ་༣༠་ཐམ་པ་གནས་སྐབས་རིང་སྒོ་རྒྱག་རྒྱུ་ཡིན། ང་ཚོའི་ལས་བྱེད་པ་དང་སྐུ་མགྲོན་གྱི་བདེ་ཐང་ཨང་དང་པོར་རྩི་བཞིན་ཡོད་ཅེས་བཟོ་ཚོང་ལས་ཁང་དེས་ཁྱབ་བསྒྲགས་བྱས་འདུག

རྒྱ་ནག་གཞུང་གིས་ལོ་འདིའི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུ་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་འདུ་གཉིས་ཕྱིར་འགྱངས་བྱ་དགོས་མིན་བསམ་གཞིག་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དུས་སུ་ལོ་ལྟར་འཐུས་མི་༣༠༠༠་ལྷག་པེ་ཅིང་ལ་འཛོམས་གྱི་ཡོད་པས་ཏོག་དབྱིབས་འགོས་ནད་ཁྱབ་གདལ་གཏོང་སྲིད་པའི་ཉེན་ཁ་ཆེ། ལོ་ལྟར་ཕྱི་ཟླ་༣་པའི་ཚེས་༥་ནས་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་འདུ་འཚོགས་ཀྱི་ཡོད་པ་རེད། པེ་ཅིང་གྲོང་ཁྱེར་གཞུང་གིས་ཟ་ཁང་དང་སྐྱེ་བོ་སྒེར་པ་ཚོས་མི་ཚོགས་བསྡུས་ནས་གསོལ་སྟོན་བཤམ་མི་ཆོག སྔོན་ནས་གསོལ་སྟོན་བཤམ་རྒྱུའི་གྲ་སྒྲིག་བྱས་ཡོད་པ་རྣམས་ཀྱང་ཕྱིར་འཐེན་བྱ་དགོས། གྲོང་གསེབ་ཁག་ཏུའང་སྐྱེས་སྐར་དང་སློབ་གྲྭ་ཐོན་པའི་དགའ་སྟོན། ལས་གནས་འཕར་བའི་དགའ་སྟོན་སོགས་བྱེད་མི་ཆོག་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་དང་། ད་ལྟ་པེ་ཅིང་གྲོང་ཁྱེར་དུ་ཏོག་དབྱིབས་འགོས་ནད་ཕོག་ཡོད་པའི་མི་༢༠༠་ལྷག་འདུག་ཅེས་བསྒྲགས། མགྲོན་ཁང་དང་ཟས་རིགས་ཀྱི་ཚོང་ལས་དེས་ལོ་ལྟར་པེ་ཅིང་གྲོང་ཁྱེར་གྱི་སྤྱི་ཡོངས་དཔལ་འབྱོར་ཡོང་འབབ་ལ་ཨ་སྒོར་ཐེར་འབུམ་༡༦་རེ་ལེགས་སྐྱེས་འབུལ་གྱི་ཡོད་པ་རེད། ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ནད་དུག་གིས་ཧུ་པེ་ཞིང་ཆེན་གྱི་ས་གནས་ཁག་ཏུ་ཁྱིམ་བྱ་དུང་ཕྱུར་༣་ལྷག་གསོ་ཉར་བྱས་ཡོད་པ་རྣམས་སྡེབ་གསོད་རྩ་མེད་གཏོང་སྲིད་པའི་ཉེན་ཀ་ཡོད། རྒྱ་ནག་གི་སྤྱི་ཚོགས་སུ་དུས་ནམ་ཞིག་ལ་མི་ལ་ན་ཚ་དང་ཕྱུག་ལ་གོད་ཁ་བྱུང་ན་ནད་རིགས་སྔོན་འགོག་ཆེད་དུ་རྒྱ་ནག་གཞུང་གིས་ཕག་པ་དང་ཁྱིམ་བྱ་ས་ཡ་མང་པོ་གསོན་པོར་ས་འོག་ཏུ་སྦས་ནས་སྡེབ་གསོད་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG