ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞིས་ཅིན་ཕིང་གིས་ཝུ་ཧན་གྱི་གློ་ཚད་ལ་དོ་སྣང་བྱེད་ཀྱི་ཡོད་དམ།


༄༅།། གཟའ་ཉི་མའི་མཚན་དཀྱིལ་བར་དུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་གདལ་ཕྱིན་པའི་གློ་ཚད་རིམས་ནད་ཀྱིས་མི་༩༠༠་ལྷག་ལ་འཆི་སྐྱོན་བྱུང་། རྒྱ་ནག་གཅིག་པུར་ཏོག་དབྱིབས་ནད་དུག་ཕོག་ཡོད་པའི་ནད་པ་༤༠༠༠༠་ལྷག་དང་འཛམ་གླིང་ཁྱོན་ཡོངས་སུ་ཝུ་ཧན་གྱི་གློ་ཚད་ནད་དུག་འགོས་ཡོད་པའི་ནད་པ་༦༠༠་ལྷག་ཡོད་པ་སྟེ། ཁ་སང་གཟའ་ཉི་མ་གཅིག་པུར་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པ་གསར་པ་༣༢༨༡་བྱུང་འདུག ད་ལྟ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་གྱི་སྨན་ཁང་ཁག་ལ་སྨན་དང་ནད་འགོག་གྱོན་ཆོས། ཚད་ལྡན་གྱི་ཁ་རས་སོགས་དགོས་ངེས་ཀྱི་མཁོ་ཆས་རྣམས་འདང་ངེས་མེད་པའི་དཀའ་ངལ་འཕྲད་ཡོད་པའི་གནས་ཚུལ་ཐོན་རུང་། ད་དུང་ཡང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ཝུ་ཧན་གྱི་རིམས་ནད་དེའི་གནས་སྟངས་ལ་གཟིགས་ཞིབ་ཏུ་བསྐྱོད་ཀྱི་མེད་ཅིང་། ཕྱི་ཟླ་དང་པོའི་ཚེས་༢༧་ཉིན་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་ཏོག་དབྱིབས་ནད་དུག་ཁྱབ་ཡུལ་ཝུ་ཧན་གྲོང་ཁྱེར་ལ་འཁྱུག་ཙམ་རིང་དུ་གཟིགས་ཞིབ་ལ་བསྐྱོད་ནས་བཟུང་། རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་གཅིག་ཀྱང་ཝུ་ཧན་ལ་གཟིགས་ཞིབ་ཏུ་བསྐྱོད་མེད། ཞིན་ཧྭ་གསར་འགྱུར་ལས་ཁང་སོགས་ཀྱིས་ཞིས་ཅིན་ཕིང་གིས་ཝུ་ཧན་གྱི་རིམས་ནད་བཀག་སྡོམ་ལ་དངོས་སུ་བཀོད་འདོམས་བྱེད་ཀྱི་ཡོད་ཅེས་གསར་འགྱུར་སྤེལ་བ་ཙམ་ལས། ཞིས་ཅིན་ཕིང་བརྙན་འཕྲིན་ནང་དུ་ཐོན་ནས་ཝུ་ཧན་གྱི་ནད་ཡམས་དེར་བཀག་སྡོམ་ཇི་ལྟ་བྱ་དགོས་མིན་གྱི་བཀོད་འདོམས་བྱེད་ཀྱི་ཡོད་པ་གཏན་མེད་པ་རེད།

ཉེ་ཆར་ཕྱི་ཟླ་༢་པའི་ཚེས་༥་ཉིན་ཞིས་ཅིན་ཕིང་གིས་ཁེམ་བྷོ་ཌི་ཡའི་སྲིད་བློན་ཧུང་སེན་ལ་ཐུག་འཕྲད་བྱས་པའི་རྗེས་སུ་གསར་འགོད་པའི་མདུན་དུ་མཐོང་རིག་མེད་པར་གྱུར། ཉམས་ཞིབ་པ་ཚོས་ཞིས་ཅིན་ཕིང་གིས་ཝུ་ཧན་གྲོང་ཁྱེར་གྱི་གློ་ཚད་རིམས་ནད་ལ་བཀག་སྡོམ་བྱེད་ཐུབ་ཀྱི་མེད་པས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་དུ་སྐྱོན་བརྗོད་འཕོག་གི་ཡོད་པ་ཡིན་སྲིད། ཝུ་ཧན་གྱི་ནད་དུག་གིས་ཞིས་ཅིན་ཕིང་གི་སྲིད་དབང་ལ་གཡོ་འགུལ་ཆེན་པོ་ཞིག་ཐེབས་སྲིད་ཅེས་གླེང་སློང་བྱས་འདུག དཔེར་ན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཇཱུ་ཌི་བྷ་ལན་ཆེ་ཊི་ཞེས་པ་ཞིག་གིས་ཞིས་ཅིན་ཕིང་ནད་ཡམས་ཀྱི་འབྱུང་ཁུངས་ཝུ་ཧན་གྲོང་ཁྱེར་ལ་གཟིགས་ཞིབ་ཏུ་མ་བསྐྱོད་པར་སྲིད་བློན་ལི་ཁེ་ཆང་མངགས་གཏོང་བྱས་པར་རྒྱུ་མཚན་ངེས་ཅན་ཞིག་ཡོད་པར་སྣང་། གལ་སྲིད་ཝུ་ཧན་གྲོང་ཁྱེར་གྱི་རིམས་ནད་འདི་བཀག་སྡོམ་བྱེད་མ་ཐུབ་པར་རྒྱ་ནག་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་ན་འཛིན་སྐྱོང་གི་ལས་འགན་རྣམས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་ལ་ཡོད་ཅེས་དེའི་ལན་ཁག་རྣམས་སྲིད་བློན་ལི་ཁེ་ཆང་གི་སྟེང་དུ་གཡུགས་ཆོག གལ་སྲིད་རྒྱ་ནག་གཞུང་གིས་ཝུ་ཧན་གྱི་རིམས་ནད་འདིར་བཀག་སྡོམ་ལེགས་པར་བྱེད་ཐུབ་ན་རྒྱལ་ཁབ་ཀྱི་གཙོ་འཛིན་ཞིས་ཅིན་ཕིང་གི་ལམ་སྟོན་དབུ་ཁྲིད་འོག་ཏུ་གྲུབ་འབྲས་བྱུང་བ་རེད་ཅེས་བསྒྲགས་ཆོག དེར་བརྟེན་ཞིས་ཅིན་ཕིང་གིས་མི་མངོན་པའི་དབྱིངས་སུ་ཝུ་ཧན་གྱི་ཏོག་དབྱིབས་ནད་དུག་བཀག་སྡོམ་ལ་བཀོད་འདོམས་བྱེད་ཀྱི་ཡོད་ཅེས་རྒྱ་གཞུང་གིས་སྒྲོགས་ཀྱི་ཡོད་པའི་ལྟ་ཚུལ་གླེང་།

ཡུ་རེ་ཤི་ཡ་ཉམས་ཞིབ་སྡེ་ཚན་གྱི་མཁས་པ་ཚོས་ལོ་འདིའི་ཕྱི་ཟླ་༤་བར་དུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་འགོས་ནད་འདི་བཀག་སྡོམ་ཡག་པོ་ཞིག་བྱ་མ་ཐུབ་ཚེ། ཞིས་ཅིན་ཕིང་གིས་སྔར་བཞིན་སྲིད་དབང་འཛིན་ཐུབ་རྒྱུ་ཡིན་མིན་ཐེ་ཚོམ་རེད། དེང་སྐབས་རྒྱ་ནག་གི་ཞིབ་བཤེར་དང་བཀག་སྡོམ་ནན་པོ་ཡོད་པའི་སྐད་འཕྲིན་དང་ཝི་པོ་སོགས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་ཚོས་ཝུ་ཧན་གྱི་རིམས་ནད་བཀག་སྡོམ་ལ་ལས་འགན་ཅི་ཙམ་འཁུར་གྱི་ཡོད་མེད་གླེང་བྱེད་ཐུབ་རྒྱུ་ཁོག་པོ་ཡིན་མོད། འོན་ཀྱང་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཕྱི་ཟླ་༡༢་པའི་ཚེས་༣༠་ཉིན་སྨན་པ་ལི་ཝེན་ལེང་ཞེས་པ་ཞིག་གིས་ཝུ་ཧན་ལ་༢༠༠༣་ཀྱི་སཱར་སི་ལྟ་བུའི་གློ་ཚད་འགོས་ནད་ཅིག་ཁྱབ་གདལ་འགྲོ་བཞིན་འདུག་ཅེས་སྔོན་བརྡ་བཏང་ཞིང་། ཁོ་པར་རྒྱ་གཞུང་གི་ཉེན་རྟོག་པས་དཀྲོག་གཏམ་བསྒྲགས་པ་དང་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ཁག་ལ་གཏོར་བརླག་བྱས་པའི་ནག་ཉེས་བཙུགས། བདུན་ཕྲག་སྔོན་མར་སྨན་པ་ལིར་ཏོག་དབྱིབས་ནད་དུག་ཕོག་ནས་འདས་གྲོངས་སུ་གྱུར། རྒྱ་ནག་གི་དྲྭ་དམངས་འབུམ་ཕྲག་མང་པོས་སྨན་པ་ལི་ལ་རྗེས་དྲན་དང་མྱ་ངན། རྒྱ་ནག་མི་དམངས་ལ་སྨྲ་བརྗོད་རང་དབང་དགོས། གཏམ་བརྗོད་རང་དབང་ལ་བཀག་སྡོམ་བྱེད་མི་ཆོག སྲིད་གཞུང་གིས་དུས་ནམ་ཞིག་གི་བར་དུ་རྫུན་བཤད་རྒྱུ་ཡིན་ནམ་ཞེས་མཆན་རྩོམ་བྲིས་ནས་ཁོང་ཁྲོ་ཕྱི་ལ་བསྟན་འདུག ད་ལྟ་རྒྱ་ནག་མི་དམངས་ཀྱི་ཁོང་ཁྲོ་དེའི་ཁ་ཕྱོགས་གཏོད་ས་ཧུ་པེ་ཞིང་ཆེན་དང་ཝུ་ཧན་གྲོང་ཁྱེར་གྱི་ལས་སྣ་ཚོ་ཡིན་རུང་མི་མང་གི་ཁོང་ཁྲོ་དེའི་ཁ་ཕྱོགས་ལ་འགྱུར་བ་ཐེབས་སླ། མཐའ་མཇུག་ཝུ་ཧན་གྱི་འགོས་ནད་བཀག་སྡོམ་བྱེད་མ་ཐུབ་པའི་ལན་ཁག་རྣམས་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོས་འཁུར་དགོས་ཐུག་སྲིད་ཅེས་དཔྱད་རྩོམ་བྲིས་འདུག སྔོན་ཆད་པེ་ཅིང་དུ་བཅའ་སྡོད་འཇར་མན་གྱི་གཞུང་ཚབ་པ་ཟུར་བ་ཞིག་གིས་ཝུ་ཧན་གྲོང་ཁྱེར་གྱི་སྤྱི་ཁྱབ་ལ་ལན་ཁག་གཡོགས་རྒྱུ་ཡིན་པ་ཉག་ཅིག་རེད། འོན་ཀྱང་ཁོ་པ་གོ་གནས་དམའ་དྲགས་ཏེ་ལན་ཁག་ཆ་ཚང་འཁུར་ཐུབ་ཐབས་མེད་ཅེས་བཤད།

སྨན་པ་ལི་འདས་གྲོངས་སུ་གྱུར་པའི་རྗེས་སུ་རྒྱ་ནག་གི་དྲྭ་དམངས་ཀྱིས་སྤྱི་དམངས་གསར་འགོད་པ་ཁྲེན་ཆུག་ཧྲི་འཚོལ་ཞིབ་བྱ་རྒྱུ་འགོ་ཚུགས། སྤྱི་དམངས་གསར་འགོད་པ་ཁྲེན་ཆུག་ཧྲི་རང་མོས་ཀྱིས་ཝུ་ཧན་གྲོང་ཁྱེར་ལ་སོང་ནས་རིམ་ནད་དེའི་གནས་ཚུལ་ངོ་མ་དྲྭ་ལམ་བཀྲམས། ཁོ་པས་བརྙན་འཕྲིན་ནང་དུ་གདོང་པ་བསྟན་ནས་ངས་དཀྲོག་གཏམ་སྒྲོགས་ཀྱི་མེད། རྟོག་བཟོ་ཡང་བྱེད་ཀྱི་མེད། ངས་གནས་ཚུལ་ངོ་མ་དང་བདེན་པ་བཤད་ཀྱི་ཡོད། ང་འཆི་རྒྱུ་དེར་མ་སྐྲག་པར་ཝུ་ཧན་ལ་ཡོང་བ་ཡིན། ང་རྒྱ་ནག་དམར་ཤོག་ཚོགས་པར་སྐྲག་གམ་ཞེས་ཝུ་ཧན་གྲོང་ཁྱེར་ལ་འགོས་ནད་ཀྱི་དཀའ་ངལ་ཆེན་པོ་ཡོད་པ་རྣམས་ཐེར་འདོན་བྱས་ཤིང་། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་དགོང་མོར་རྒྱ་ནག་གཞུང་གི་ཉེན་རྟོག་པས་སྤྱི་དམངས་གསར་འགོད་པ་ཁྲེན་འཛིན་བཟུང་བྱས་པ་དང་། གསར་འགོད་པའི་བཟའ་མི་ཚོ་དང་གྲོགས་པོ་ཚོས་ཤེས་རྟོགས་བྱུང་བ་ལྟར་ན་རྒྱ་ནག་གཞུང་གིས་ཁྲེན་ཆུག་ཧྲི་བཙན་གྱིས་ཟུར་འགོག་བྱས་འདུག འདས་པའི་ཉི་མ་འགའ་ཞིག་ནས་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་སྤྱི་དམངས་གསར་འགོད་པ་ཁྲེན་གློད་གྲོལ་གཏོང་དགོས་ཞེས་མཆན་རྩོམ་བྲིས། ཁ་སང་གཟའ་ཉི་མ་ནས་རྒྱ་ནག་གི་སྐད་འཕྲིན་དང་ཝི་པོ་སོགས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་སྲིད་གཞུང་གིས་གསར་འགོད་པ་ཁྲེན་གྱི་གནད་དོན་ཐག་གཅོད་དྲང་སྙོམས་ཤིག་བྱ་རྒྱུའི་རེ་བ་ཡོད། སྨན་པ་ལི་ལྟ་བུའི་སྐྱེ་བོ་ཞིག་མེད་བརླག་ཕྱིན་ན་ཕངས་པོ་རེད། ཁོ་པ་མྱུར་དུ་གློད་གྲོལ་གཏོང་དགོས་ཞེས་མཆན་རྩོམ་འབྲི་རྒྱུ་ཇེ་མང་དུ་སོང་། རྒྱ་ནག་གཞུང་གིས་སྐད་འཕྲིན་དང་ཝི་པོ་སོགས་ལ་བྲིས་པའི་མཆན་རྩོམ་རྣམས་མགྱོགས་མྱུར་གྱིས་བསུབས་ཏེ་མི་མང་ལ་ཁྱབ་བསྒྲགས་བྱེད་དུ་འཇུག་གི་མེད་ཀྱང་མཆན་རྩོམ་འབྲི་མཁན་མང་དྲགས་ནས་རྒྱ་གཞུང་གིས་དྲྭ་རྒྱ་ཞིབ་བཤེར་པ་ཚོས་མཆན་རྩོམ་རྣམས་བསུབ་ཚར་གྱི་མེད་པ་རེད།

འདི་ཙམ་ན་ཉི་ཧོང་གི་ཡོ་ཁཱོ་ཧ་མ་མཚོ་ཁར་འགག་ཡོད་པའི་འགྲུལ་སྐྱེལ་སྤྲོ་འཆམ་གྲུ་གཟེངས་དེར་སླར་ཡང་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པ་གསར་པ་༦་བྱུང་ཞིང་། གྲུ་གཟིངས་དེར་ཁྱོན་བསྡོམས་འགྲུལ་པ་༣༧༠༠་ལྷག་ཡོད་པ་དེ་དག་གི་གྲས་ནས་ཝུ་ཧན་གྱི་གློ་ཚད་ཕོག་པའི་ནད་པ་༦༩་བྱུང་སྟེ་ཉི་ཧོང་གི་སྨན་ཁང་ཞིག་ལ་ནད་པ་རྣམས་ཟུར་དུ་བཀག་ནས་སྨན་བཅོས་བྱེད་ཀྱི་ཡོད་པར་མ་ཟད། འགྲུལ་པ་གཞན་རྣམས་གྲུ་གཟིངས་ནང་དུ་བཞག་ནས་ཕྱི་ལ་འབུད་དུ་འཇུག་གི་མེད་པ་དང་། ད་དུང་ཧོང་ཀོང་གི་གྲུ་ཁར་ཡང་འགྲུལ་སྐྱེལ་སྤྲོ་འཆམ་གྲུ་གཟིངས་ཤིག་འགག་ཡོད། གྲུ་གཟིངས་གཞན་པ་ཞིག་རྒྱལ་ཁབ་གཅིག་གིས་ཀྱང་རང་རང་གི་གྲུ་ཁར་འབབ་ཏུ་མ་བཅུག་པར་མཚོ་ཐོག་ཏུ་སྐོར་སྐྱོད་བྱེད་ཀྱི་ཡོད་པ་རེད། ཕྱི་ཟླ་༢་ཚེས་༡༠་ཉིན་དབྱིན་ཇིའི་འཕྲོད་བསྟེན་ལྷན་ཁང་གིས་དབྱིན་ཇི་བ་ཞིག་ལ་ཧྥ་རན་སིའི་ས་ཐོག་ཏུ་ནད་མནར་བྱུང་བ་དང་ནད་པ་དེར་ཏོག་དབྱིབས་ནད་དུག་འགོས་འདུག ད་སྔ་དབྱིན་ཡུལ་དུ་ཁྱོན་བསྡོམས་ཝུ་ཧན་གྱི་གློ་ཚད་རིམས་ནད་འགོས་ཡོད་པའི་ནད་པ་༤་ཡོད། སི་པེན་གྱི་ས་ཐོག་ཏུའང་དབྱིན་ཇི་བ་ཞིག་ལ་ནད་རྟགས་ཡོད་པའི་རྟགས་མཚན་ཐོན་སོང་ཞེས་བསྒྲགས། ད་ལྟ་ཉི་ཧོང་ལ་ཏོག་དབྱིབས་ནད་དུག་ཕོག་ཡོད་པའི་ནད་པ་༡༦༡་དང་སིངྒ་པུར་ལ་ནད་པ་༤༣་འདུག ཐེ་ལན་ཌི་ལ་ནད་པ་༣༢་དང་ལྷོ་ཀོ་རི་ཡར་༢༧་འདུག མ་ལེ་ཤི་ཡར་ནད་པ་༡༨་དང་ཐེ་ཝན་ལ་༡༦་འདུག ཨོ་གླིང་རྒྱལ་ཁབ་ལ་ནད་པ་༡༤་དང་འཇར་མན་ཎིར་༡༤་འདུག ཝྭི་ཏེ་ནམ་ལ་ནད་པ་༡༤་དང་ཨ་མི་རི་ཀར་༡༢་འདུག ཨ་རིའི་སྤྱི་དམངས་ཤིག་རྒྱ་ནག་གི་ཧུ་པེ་ཞིང་ཆེན་དུ་གྲོངས། ཧྥ་རན་སིར་ནད་པ་༡༡་དང་ཨ་རབ་ཨི་མཱི་རེ་ཊི་མཉམ་འབྲེལ་རྒྱལ་ཁབ་ལ་ནད་པ་༧་འདུག ཁེ་ན་ཌར་ནད་པ་༦་དང་ཧྥི་ལི་ཕིན་གྱི་མི་ཤིག་གྲོངས་པ་ཚུད་ནས་ནད་པ་༣་འདུག རྒྱ་གར་ལ་ནད་པ་༣་དང་ཨི་ཊི་ལིར་ནད་པ་༣་འདུག ཨུ་རུ་སུར་ནད་པ་༢་དང་སི་པེན་ལ་ནད་པ་གཉིས། བྷེལ་ཇེམ་ལ་ནད་པ་༡་དང་བལ་ཡུལ་དུ་ནད་པ་གཅིག སུ་ཌན་ལ་ནད་པ་གཅིག ཁེམ་བྷོ་ཌི་ཡར་ནད་པ་༡་དང་ཧྥིན་ལན་ཌིར་ནད་པ་༡་བཅས་འཛམ་གླིང་གི་རྒྱལ་ཁབ་དང་ས་གནས་ཁག་༢༧་ལ་རྒྱ་ནག་གི་ཏོག་དབྱིབས་ནད་དུག་ཁྱབ་འདུག

XS
SM
MD
LG