༄༅།། ཕྱི་ཟླ་༥་པའི་ཚེས་༢༤་ཉིན་འཚོགས་གཏན་ཁེལ་ཡོད་པའི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་འཕར་མ་དེར་གྲུབ་ཆ་མ་ཚང་བའི་རྐྱེན་གྱིས་ཕྱིར་འཐེན་གནང་རྒྱུའི་གནས་ཚུལ་ཞིག་འཐོན་བཞིན་འདུག གནད་དོན་འདིར་འབྲེལ་ཡོད་ཁག་ཅིག་ལ་ཞིབ་ཕྲ་འདྲི་རྩད་ཞུས་པར་གྲོས་ཚོགས་ཚོགས་དུས་འཕར་མ་ཞིག་འཚོགས་པར་སྤྱི་འཐུས་ཚོ་ཕྱི་ཚེས་༢༢་ཉིན་རྡ་སར་འབྱོར་ཏེ་ཚོགས་དྲུང་ལས་ཁུངས་སུ་འབྱོར་ཐོ་འགོད་དགོས་ཀྱང་སྤྱི་འཐུས་༢༡་གིས་དགོངས་པ་ཞུས་ཏེ་གྲུབ་ཆ་མ་ཚང་བས་ན་ཚོགས་དྲུང་ལས་ཁུངས་ཀྱིས་གྲོས་ཚོགས་ཚོགས་དུས་འཕར་མ་དེ་ཕྱིར་འཐེན་བྱས་པ་ཡིན་ཞེས་ཞལ་པར་བརྒྱུད་ནས་སྙན་གསེང་ཞུས་སོང་ཞེས་འགྲེལ་བརྗོད་གནང་བྱུང་བར་མ་ཟད། བཅའ་ཁྲིམས་དོན་ཚན་དང་པོའི་ནང་གསེས་གཉིས་པའི་དགོངས་དོན་ལྟར་དབུ་ཁྲིད་ཚོས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གནད་དོན་དེ་ཐག་གཅོད་བྱེད་ཕྱོགས་ལ་ཅི་དགེའི་ལམ་སྟོན་བཀའ་སློབ་ཞུ་རྒྱུའི་གཏན་ཁེལ་བྱུང་འདུག
ཕྱི་ཟླ་༣་པའི་ཚེས་༢༥་ཉིན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་ཏུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞུང་འབྲེལ་གྲོས་ཆོད་བཞག་སྟེ་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་བཅས་ཁྲིམས་ཞིབ་པ་གསུམ་དུས་གཅིག་ཏུ་འཕོ་འགྱུར་བཏང་བའི་རྐྱེན་གྱིས་འདེམས་ཐོན་བྱུང་བའི་སྲིད་སྐྱོང་དང་སྐབས་བཅུ་བདུན་པའི་གྲོས་ཚོགས་ཀྱི་བར་བརྒལ་ཚོགས་གཙོ་བཅས་ལ་དམ་བཅའ་འབུལ་ས་མེད་པའི་དཀའ་ངལ་ཚབས་ཆེན་འདི་འཕྲད། ད་ལོའི་ཕྱི་ཟླ་༣་པར་གྲོས་ཚོགས་འཐུས་མི་ཡོངས་རྫོགས་ཚང་འཛོམས་སྐབས་སུ་ཚོགས་གཙོ་པད་མ་འབྱུང་གནས་ཀྱིས་དཀའ་ངལ་འདི་སེལ་བར་ཕྱི་ཟླ་༥་པའི་ནང་དུ་གྲོས་ཚོགས་འཕར་མ་ཞིག་འཚོགས་རྒྱུའི་ཐག་བཅད། ཡིན་ནའང་དེང་སྐབས་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་རླབས་གཉིས་པ་ཁྱབ་ནས་མངའ་སྡེ་ཁག་གིས་འགྲོ་འོང་དང་མི་ཚོགས་འདུ་འཛོམ་བྱེད་མི་ཆོག་པའི་བཀག་སྡོམ། ཧི་མ་ཅལ་མངའ་སྡེའི་ནང་དུ་མི་༥་ལས་མང་བ་མཉམ་འདུ་བྱེད་མི་ཆོག་པས་གྲོས་ཚོགས་སུ་བཅར་ན་གནས་ཚང་རྒྱལ་ཁབ་ཀྱི་ཁྲིམས་ལ་འགལ་འཛོལ་འབྱུང་གི་འདུག འདི་ནི་བཅའ་ཁྲིམས་དོན་ཚན་༦་པར་འགལ་གྱི་འདུག་ཅེས་དགོངས་པ་ཞུ་མཁན་སྤྱི་འཐུས་ཁག་ཅིག་གིས་རྒྱུ་མཚན་བགྲངས་འདུག
བཅའ་ཁྲིམས་དོན་ཚན་༤༡་པའི་ནང་དུ་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཕར་མ་དེ་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས། རྒྱུན་ལས་བཅས་འབྲེལ་ཡོད་ཚན་པ་ཁག་གི་ཚོགས་མིའི་བརྒྱ་ཆ་༥༠་ཡན་གྱིས་ཞུ་སྐུལ་བྱུང་ན་ཚོགས་གཙོ་ལྷན་རྒྱས་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་བསྐོང་དགོས་ཞེས་འཁོད། མི་ཁག་ཅིག་གིས་ཐག་གཅོད་དེ་བཅའ་ཁྲིམས་ལ་འགལ་གྱི་འདུག་ཅེས་གླེང་གི་ཡོད་པ་དང་ཁག་ཅིག་གནས་ཡུལ་རྒྱལ་ཁབ་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་ཆོག་མཆན་འཐོབ་ཀྱི་མི་འདུག་ཅེས་གླེང་། ད་དུང་ཁག་ཅིག་གིས་ལུས་པོ་བདེ་མིན་གྱི་ནད་དགོངས་ཞུས་པ་སོགས་རྒྱུ་མཚན་སྣ་ཚོགས་ཤིག་བགྲངས་ནས་སྤྱི་འཐུས་༢༡་གྲོས་ཚོགས་ཚོགས་དུས་འཕར་མ་དེར་བཅར་ཐུབ་ཀྱི་མི་འདུག་ཅེས་དགོངས་པ་ཞུས་འདུག མཚན་དངོས་སུ་གསུང་འདོད་མེད་པའི་འགྲེལ་ཡོད་ཅིག་གིས་སྤྱི་འཐུས་༢༡་དགོངས་པ་ཞུས་ནས་གྲོས་ཚོགས་འཕར་མ་དེ་ཕྱིར་འཐེན་གནང་དགོས་བྱུང་ཡོད་པས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམས་འཕྲལ་དུ་ལྷན་འཛོམས་ཀྱིས་བཅའ་ཁྲིམས་དོན་ཚན་དང་པོའི་ནང་གསེས་གཉིས་པའི་དགོངས་དོན་ལྟར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གནད་དོན་འདི་ཐག་གཅོད་གནང་ཕྱོགས་སུ་ལམ་སྟོན་བཀའ་སློབ་ཞུ་རྒྱུའི་ཐག་གཅོད་བྱུང་བ་རེད་ཅེས་གསུངས་སོང་བ་བཅས་ཀྱིས་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།