ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གིས་ལྷ་སའི་ནོར་བུ་གླིང་ཁ་ཉམས་གསོ།


༄༅།། རྒྱ་ནག་གཞུང་གིས་ལོ་འདིའི་ཕྱི་ཟླ་༤་པ་ནས་འགོ་འཛུགས་ཀྱིས་རྒྱ་སྒོར་ཁྲི་ཚོ་༣༨༦༨་བཏང་སྟེ་ལྷ་སའི་ནོར་བུ་གླིང་ཁའི་རྒྱ་ཕིབས་དང་ཐོག་བཅས་པ་ཉམས་གསོ་བྱེད་བཞིན་ཡོད་ཀྱང་ལྷ་སའི་མང་ཚོགས་ཀྱིས་ནོར་བུ་གླིང་ཁའི་སྔ་མོའི་སྲོལ་རྒྱུན་གྱི་ཉམས་འགྱུར་ལ་གཏོར་བཤིག་འཕོག་སྲིད་པའི་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་ཅིང་། དེ་ཡང་མིང་དངོས་སུ་བརྗོད་འདོད་མེད་པའི་འབྲེལ་ཡོད་བོད་པ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ད་ལོའི་ས་ག་ཟླ་བའི་སྔོན་ནས་རྒྱ་ནག་གཞུང་གིས་ལྷ་སའི་ནོར་བུ་གླིང་ཁ་ཉམས་གསོ་བྱེད་པའི་ལས་གྲྭ་ཞིག་ཚུགས་ནས་ཉམས་གསོ་བྱེད་བཞིན་འདུག ཉམས་གསོ་བྱ་ཡུལ་ནི་ནོར་བུ་གླིང་ཁའི་སྐལ་བཟང་ཕོ་བྲང་དང་ཕོ་བྲང་གཞན་པ་ཁག་ཅིག་གི་ཐོག་དང་རྒྱ་ཕིབས་ནང་གི་རྩིག་པའི་ཞལ་བ་རྣམས་ཉམས་གསོ་བྱེད་ཀྱི་འདུག་ཟེར་མོད། འོན་ཀྱང་ཉམས་གསོ་བྱ་ཡུལ་དེ་ཚོར་མཆོད་མཇལ་དང་ཡུལ་སྐོར་སྤྲོ་འཆམ་ལ་གཏོང་གི་མི་འདུག ནོར་བུ་གླིང་ཁར་མཚོན་ན་འཛམ་གླིང་གི་གནའ་བོའི་རིག་གནས་ཤུལ་བཞག་གྲས་སུ་ཚུད་ཡོད་པ་དང་ང་ཚོ་བོད་ཀྱི་ལོ་རྒྱུས་ལ་ཅི་ཙམ་གལ་འགངས་ཆེན་པོ་དང་རྩ་ཆེན་པོ་ཡིན་པ་ཚང་མས་ཤེས་གསལ་རེད། དེར་བརྟེན་མང་ཚོགས་ལ་སེམས་ཁྲལ་ཡོང་དོན་ཡང་ཉམས་གསོ་དེ་དངོས་འབྲེལ་གྱི་ཉམས་གསོ་ཞིག་ཡིན་ནམ། ནོར་བུ་གླིང་ཁའི་ནང་གི་རི་མོ་དང་སྒྱུ་རྩལ་དེ་ཚོར་བཟོ་བཅོས་བརྒྱབ་སྟེ་གཏོར་བཤིག་འཕོག་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་རེད། ཉམས་གསོ་དེ་ག་དུས་ཚར་གི་ཡོད་མེད་ཀྱང་གསལ་པོ་ཤེས་མ་སོང་། ཕལ་ཆེར་ཟླ་བ་ཁ་ཤས་འགོར་གི་ཡོད་ས་རེད་ཅེས་འགྲེལ་བརྗོད་གནང་འདུག

ཀྲུང་གོའི་བོད་ལྗོངས་ཞེས་པའི་དྲྭ་ངོས་སུ་ཉེ་ཆར་ནོར་བུ་གླིང་ཁའི་དོ་དམ་དང་རིག་དངོས་སྡེ་ཁག་གི་འགན་ཁུར་བ་སྤེན་པ་སྒྲོལ་ལ་ཟེར་བ་ཞིག་གིས་བཤད་པའི་གནས་ཚུལ་བཀོད་པ་ལྟར་ན། ནོར་བུ་གླིང་ཁར་དུས་ཡུན་རིང་པོར་ཉི་འོད་དང་ཆར་ཆུ་སོགས་རང་བྱུང་གི་གནོད་སྐྱོན་ཕོག་ཡོད་པས་གནའ་བོའི་རྒྱ་ཕིབས་རྣམས་དང་དེའི་མཐའ་ཟུར་གྱི་རིག་དངོས་སྒྲིག་བཀོད་ཁག་གི་མདོག་ཡལ་བ་དང་ཆུ་སིམ་པ་སོགས་ཀྱི་གནས་ཚུལ་འབྱུང་བཞིན་འདུག ནོར་བུ་གླིང་ཁའི་རྒྱ་ཕིབས་རྣམས་ཞིག་གསོའི་ལས་གྲྭ་དེར་རྒྱལ་ཁབ་ཀྱིས་དངུལ་སྒོར་ཁྲི་ཚོ་༣༨༦༨་བཏང་སོང་། སྤྱན་གསལ་ཕོ་བྲང་དང་ཁམས་གསུམ་ཟིལ་གནོན། བསྐལ་བཟང་བདེ་སྐྱིད་ཕོ་བྲང་སོགས་གནའ་བོའི་རྩིག་བཟོ་༩་ཡི་སྨི་གྲུ་བཞི་མ་༨༥༥་བརྒལ་བའི་རྒྱ་ཕིབས་དག་ལ་ཞིག་གསོ་བྱ་རྒྱུ། སྨི་གྲུ་བཞི་མ་ཁྲི་༡་བརྒལ་བའི་ཐོག་ངོས་ཀྱི་ཨར་ཀ དེ་མིན་གྱི་རིག་དངོས་སྒྲིག་བཀོད་ཁག་ཅིག་མྱུར་སྐྱོབ་དང་ཞིག་གསོ་བྱ་རྒྱུ་རེད། ང་ཚོས་རིག་དངོས་སྲུང་སྐྱོབ་ཀྱི་རྩ་དོན་ལ་དམ་པོར་གཞིགས་ནས་རིག་དངོས་རྗེས་ཤུལ་ལ་ཐེ་གཏོགས་ཆེས་ཆུང་བའི་སྲུང་སྐྱོབ་དང་ཞིག་གསོ་བྱ་རྒྱུ། ལས་གྲྭའི་སྤུས་ཚད་དང་རིག་དངོས་བདེ་འཇགས་འགན་སྲུང་བྱ་ཆེད་ང་ཚོས་ནོར་བུ་གླིང་ཁའི་དོ་དམ་ཁང་གི་ལས་བྱེད་པ་དང་ཕོ་བྲང་སོ་སོའི་དོ་དམ་པ་མི་གྲངས་༣༠་ཙམ་གྱིས་གྲུབ་པའི་ལྟ་སྐུལ་དོ་དམ་ཚོ་ཆུང་སྒྲིག་འཛུགས་བྱས་ཡོད”ཅེས་བཤད་འདུག

ནོར་བུ་གླིང་ཁའི་ལོ་རྒྱུས་ཡིག་ཚགས་སུ་གསལ་བ་ལྟར་ན། ལྷ་སའི་ནུབ་ངོས་ཀྱི་ནོར་བུ་གླིང་ཁ་ནི་༧གོང་ས་སྐུ་ཕྲེང་རིམ་བྱོན་གྱི་དབྱར་ཀའི་བཞུགས་གནས་ཡིན་ཞིང་། ཕྱི་ལོ་༡༧༥༡་ལོར་བཞེངས་འགོ་ཚུགས་ཏེ་ཕྱི་ལོ་༡༧༥༥་སྟེ། བོད་རབ་བྱུང་བཅུ་གསུམ་པའི་ཤིང་ཕག་ལོར་༧གོང་ས་སྐུ་ཕྲེང་བདུན་པ་རྒྱལ་མཚོག་བསྐལ་བཟང་རྒྱ་མཚོས་སྐལ་བཟང་ཕོ་བྲང་ཕྱག་བཏབ། ༡༩༥༤་ལོར་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བརྟག་བརྟན་མི་འགྱུར་ཕོ་བྲང་གསར་བཞེངས་གནང་བ་བཅས་རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱིས་གསར་བཞེངས་དང་རྒྱ་སྐྱེད་ཉམས་གསོ་སོགས་གནང་ཡོད་ཅིང་། ད་ལྟ་ནོར་གླིང་ཁར་ སྐལ་བཟང་ཕོ་བྲང་དང་སྤྱན་གསལ་ཕོ་བྲང། རྟག་བརྟན་མི་འགྱུར་ཕོ་བྲང་བཅས་ཕོ་བྲང་གསུམ་ཡོད་པ་ནི་ནོར་གླིང་གི་ཆོས་སྲིད་ཀྱི་མཛད་སྒོ་བསྐྱང་ཡུལ་གཙོ་བོ་ཁག་ཡིན་པ་དང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་སུམ་འབུམ་དྲུག་ཁྲི་ལྷག་ཡོད་པར་མ་ཟད། ཕྱི་ལོ་༡༩༩༤་ལོར་ཕོ་བྲང་པོ་ཏ་ལ་འཛམ་གླིང་གི་རིག་དངོས་ཤུལ་བཞག་ཁོངས་སུ་བཅུག ཕྱི་ལོ་༢༠༠༠་དང་༢༠༠༡་བཅས་སུ་བསྟུད་མར་གཙུག་ལག་ཁང་དང་ནོར་བུ་གླིང་ཁ་གཉིས་འཛམ་གླིང་གི་གནའ་བོའི་རིག་དངོས་ཤུལ་བཞག་ཁོངས་སུ་བཅུག་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG