ངོ་འཕྲད་བདེ་བའི་དྲ་འབྲེལ།

ད་ལོ་དབྱར་རྩ་དགུན་འབུའི་ཐོན་ཁུངས་རྒྱ་ནག་གཞུང་གིས་བདག་བཟུང་།


༄༅།། མཚོ་སྔོན་ཞིང་ཆེན་དང་སྒ་སྐྱེ་དགུ་མདོ་ཁུལ་གྱི་རྫོང་ཁག་སོ་སོའི་དབྱར་རྩ་དགུན་འབུ་སྐྱེ་སའི་ས་ཆ་རྣམས་ལོ་འདི་ནས་བཟུང་སྟེ་རྒྱ་ནག་གཞུང་གིས་ཡོངས་སུ་བདག་བཟུང་བྱས་ནས་ས་གནས་བོད་པ་ཚོར་སོ་སོའི་ས་ཐོག་ཏུ་སྐྱེས་པའི་དབྱར་རྩ་དགུན་འབུ་བརྐོ་མི་ཆོག གལ་སྲིད་བརྐོས་པ་ཡིན་ན་ས་གནས་ཉེན་རྟོག་ལས་ཁུང་སུ་ཐོ་འགོད་དང་འབུ་ཁྲལ་འཇལ་དགོས་ཞེས་ཁྱབ་བསྒྲགས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁལ་སྤྲོད་བྱས་པ་ལྟར་ན། ན་ནིང་ལོ་ནས་བཟུང་སྟེ་རྒྱ་ནག་གཞུང་གིས་སྒ་སྐྱེ་དགུ་མདོ་ཁུལ་དུ་ས་གནས་གཞན་ནས་དབྱར་རྩ་དགུན་འབུ་བརྐོ་རུ་ཡོང་མཁན་ཚོར་འབུ་ཁྲལ་འཇལ་དགོས། འབུ་ཁྲལ་མ་འཇལ་བར་དབྱར་རྩ་དགུན་འབུ་བརྐོ་མི་ཆོག་པ་བཟོས་ཡོད་ཅིང་། དེ་སྔོན་ས་གནས་བོད་པ་ཚོས་དབྱར་རྩ་དགུན་འབུ་ཡོད་ས་ཁག་ཕྱི་ཟླ་༤་པ་ནས་༦་པའི་བར་དུ་དུས་ཡུན་ཟླ་བ་གསུམ་ལ་ཕྱི་ནས་དབྱར་རྩ་དགུན་འབུ་བརྐོ་རུ་ཡོང་མཁན་བོད་པ་དང་རྒྱ་ནག་པ་ཚོར་བཙོངས་ཏེ་ཡོང་འབབ་གསོག་གི་ཡོད་པ་རེད། ཡིན་ནའང་ད་ལོ་ནས་བཟུང་སྟེ་དབྱར་རྩ་དགུན་འབུའི་ཐོན་ཁུངས་ཚང་མ་རྒྱ་ནག་གཞུང་གིས་བདག་བཟུང་བྱས་ཡོད་པ་དང་སོ་སོ་སྒེར་ལ་བདག་པའི་དབྱར་རྩ་དགུན་འབུ་སྐྱེ་སའི་ས་ཆ་རྣམས་ཀྱང་སྔར་བཞིན་སྒེར་ལ་བདག་དབང་མེད་པར་ཡོངས་རྫོགས་རྒྱ་གཞུང་གིས་བདག་བཟུང་བྱས་སོང་ཞེས་བརྗོད་འདུག

དབྱར་རྩ་དགུན་འབུའི་ཐོན་ཁུངས་ཚང་མར་རྒྱ་གཞུང་གིས་ཉེན་རྟོག་པས་སྒར་བརྒྱབ་ནས་བསྡད་ཡོད་པ་དང་ས་གནས་ཡུལ་མི་རྣམས་དབྱར་རྩ་དགུན་འབུ་བརྐོ་རུ་སོང་ན་རང་མོས་ཀྱིས་བརྐོ་མི་ཆོག་པར་ཆོག་མཆན་ཞུ་དགོས་ཤིང་། ངེས་པར་དུ་ཞོགས་པར་ཉེན་རྟོག་པར་ཐོ་འགོད་བྱེད་དགོས་པ་དང་ཕྱི་དྲོར་དབྱར་རྩ་དགུན་འབུ་གྲངས་ཀ་རྩིས་ནས་ཐོ་འགོད་བྱེད་དགོས་ཀྱི་འདུག འདི་ནི་རྗེས་སུ་དཔྱ་ཁྲལ་བསྡུ་རྒྱུའི་ཆེད་དུ་ཡིན་ས་རེད། ས་གནས་རེ་རེར་དབྱར་རྩ་དགུན་འབུ་བརྐོ་མཁན་མི་གྲངས་༣༠་ཙམ་རེ་ཡོད་པ་དང་རྒྱ་གཞུང་ཉེན་རྟོག་པས་དབྱར་རྩ་དགུན་འབུ་བརྐོ་མཁན་གྱི་མིང་གཞུང་ཞིག་མི་ཚང་མར་བཀྲམ་སྟེ་མི་གསར་པ་བསླེབས་ཡོད་མེད་ཞོགས་ལྟར་ཞིབ་བཤེར་བྱས་ནས་མི་གསར་པ་ཡོང་དུ་འཇུག་གི་མི་འདུག་ཅེས་བཤད།།

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལྟར་ན། དེང་སང་བོད་ནང་གི་བོད་པ་ཚོའི་ཡོང་སྒོ་ཡག་ཤོས་ནི་དབྱར་རྩ་དགུན་འབུ་ཡིན་ཞིང་། ལོ་རེའི་ཕྱི་ཟླ་༤་པ་ནས་འགོ་འཛུགས་ཀྱིས་ཕྱི་ཟླ་༦་པའི་བར་དུ་དབྱར་རྩ་བསྐོ་མཁན་ས་གནས་གང་སར་འགྲོ་བཞིན་ཡོད་པ་རེད། དབྱར་རྩ་དགུན་འབུ་བརྐོ་མཁན་ནི་བོད་པའི་འབྲོག་པ་དང་ཞིང་པ། གྲོང་འཁྱེར་གྱི་མི་དང་རྒྱ་ནག་པ་བཅས་ལོ་རེ་ནས་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་འདུག སོ་སོའི་ས་ཐོག་དུ་དབྱར་རྩ་དགུན་འབུ་ཡོད་མཁན་ཚོས་ས་ཆ་དེ་རྣམས་ཟླ་བ་གསུམ་རིང་ལ་དབྱར་རྩ་དགུན་འབུ་བརྐོ་མཁན་ཚོར་བཙོངས་ཏེ་འབུ་རིན་རྒྱ་སྒོར་ཁྲི་བརྒྱ་ལྷག་གི་ཁེ་ཕན་རག་གི་ཡོད་པ་རེད། དབྱར་རྩ་དགུན་འབུ་བརྐོ་མཁན་མི་རེར་རྒྱ་སྒོར་ཁྲི་གསུམ་ཡན་གྱི་ཁེ་ཕན་རག་གི་ཡོད་པ་རེད། ཡིན་ནའང་ད་ལོ་བོད་པ་ཚོར་དབྱར་རྩ་དགུན་འབུ་བརྐོ་རྒྱུར་དམ་དྲག་བྱས་ཀྱང་རྒྱ་མི་ཚོར་དམ་དྲག་བྱས་མི་འདུག དབྱར་རྩ་དགུན་འབུའི་ས་ཆ་ཉོ་མཁན་ཕལ་ཆེ་བ་ནི་རྒྱ་ནག་གི་ཚོང་པ་ཚོ་རེད་ཅེས་བཤད། མཚོ་སྔོན་ཕྱོགས་ནི་བོད་ནང་གི་དབྱར་རྩ་དགུན་འབུའི་ཐོན་ཁུངས་ལེགས་ཤོས་དང་མང་ཤོས་གྲས་ཤིག་ཡིན་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གནས་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG